རང་དབང་དང་མང་གཙོ་ལ་དགའ་བའི་རྒྱལ་ཁབ་དག་གིས་ཞི་ཅིན་ཕིན་ལ་ཉེས་ཆད་གཅོད་དགོས་པའི་སྐུལ་མ་བཏང་།

རྒྱ་ནག་གཞུང་གིས་ཨོ་རྩལ་འགྲན་ཚོགས་སྐབས་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་དང་ཧོང་ཀོང་གི་མང་གཙོ་དོན་གཉེར་བ་སོགས་འཛིན་བཟུང་བྱས་པར་ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་གིས་སྐྱོན་བརྗོད་བྱས་འདུག

 

ད་ལྟ་རྒྱ་ནག་ནང་རྒྱལ་སྤྱིའི་ཨོ་ལིམ་ཕིག་འཚོགས་བཞིན་པའི་སྐབས་འདིར། རྒྱ་ནག་གཞུང་གིས་དྲང་བདེན་མ་ཡིན་པའི་འཛིན་བཟུང་བཀག་ཉར་བྱས་པར་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་རེག་སི་ཁོ་ཊི་ (Rick Scott) ལགས་ཀྱིས། རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་སྦྲགས། རང་དབང་དང་མང་གཙོ་ལ་དགའ་བའི་འཛམ་གླིང་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་ཉེས་ཆད་གཅོད་དགོས་པའི་སྐུལ་མ་གནང་འདུག

 

དེ་འབྲེལ་གྲོས་ཚོགས་འཐུས་མི་སྐུ་ཞབས་རེག་སི་ཁོ་ཊི་ལགས་ཀྱི་བསྒྲགས་གཏམ་ནང་། རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པའི་ཁ་གཏད་ཀྱི་སྐད་ཆ་བཤད་མཁན་རྣམས་འཛིན་བཟུང་བྱས་བར་སྐྱོན་བརྗོད་བྱེད་ཀྱི་ཡོད། རྒྱ་ནག་གི་བྱ་སྤྱོད་དེ་དག་གི་ཐད་རང་དབང་ལ་དུང་བའི་འཛམ་གླིང་རྒྱལ་ཁབ་ཁག་གིས་ཨ་ལན་སློག་དགོས་ཀྱི་ཡོད། ཅེས་བརྗོད་ཡོད་པ་དང་། ཉེ་ལམ་ཨོ་ལིམ་ཕིག་རྩེད་འགྲན་མ་འཚོགས་གོང་གི་ཆུ་ཚོད་འགའི་རིང་རྒྱ་ནག་གཞུང་གིས་(Falun Gong)ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་ཁག་ཅིག་དང་ཧོང་ཀོང་གི་མང་གཙོ་དོན་གཉེར་བ་བཅས་འཛིན་བཟུང་བྱས་ཡོད་འདུག

 

གྲོས་ཚོགས་འཐུས་མི་སྐུ་ཞབས་རེག་སི་ཁོ་ཊི་ལགས་ཀྱིས། ཉེ་ལམ་འཛིན་བཟུང་བྱས་པ་དེས་པེ་ཅིན་གྱིས་གྲངས་ཉུང་མི་རིགས་ཀྱི་ཆོས་དད་རང་དབང་དང་ཆབ་སྲིད་ཀྱི་རང་དབང་སོགས་ལ་དྲག་གནོན་བྱེད་ཀྱིན་ཡོད་པ་བསྟན་ཡོད་སྐོར་དང་། གང་བྱུང་འཛིན་བཟུང་བཀག་ཉར་བྱས་པའི་དོན་རྐྱེན་དེའི་ཐད་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱུན་ལས་དག་ཁུ་སིམ་པོར་སྡོད་པ་ནི། རྒྱ་ནག་དམར་ཤོག་ཚོགས་པས་ཉིན་རེ་བཞིན་རྒྱ་རིགས་མི་མང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པར་རྒྱབ་སྐྱོར་ཡོད་པའི་རྣམ་པ་བསྟན་ཡོད་སྐོར་སོགས་བརྗོད་འདུག

 

ཡང་སྐུ་ཞབས་སི་ཁོ་ཊི་ལགས་ཀྱིས། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱུན་ཚོས་མི་བྱ་བ་སྟེ། རང་དབང་ལ་དགའ་བའི་རྒྱལ་ཁབ་དག་གིས་ཁ་གསལ་བོ་གྲགས་ནས། མི་རིགས་རྩ་གཏོར་དང་མང་གཙོའི་རང་དབང་ལ་དྲག་གནོན་བྱེད་མཁན་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཞི་ཅིན་ཕིན་ལ་ཉེས་ཆད་གཅོད་དགོས་ཀྱི་ཡོད། ཅེས་བརྗོད་ཡོད་པ་དང་། ཟླ་སྔོན་མའི་ཕྱི་ཚེས་ ༢༡ ཉིན་རྒྱ་ནག་གཞུང་གིས་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པའི་ཚོགས་མི་ ༡༡ ལ་ལོ་ཚད་མི་འདྲ་བའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་ཐད། ཨ་རིའི་རྒྱལ་སྲིད་ལྷན་ཁང་གིས་ཀྱང་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་སྦྲགས། འཛིན་བཟུང་བྱས་པའི་རྩ་རླུང་སྒོམ་སྒྲུབ་ཚོགས་པའི་ཚོགས་མི་རྣམས་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཡང་བྱས་ཡོད་པ་རེད།

བོད་ཀྱི་དུས་བབ་ལས་དྲངས།

 

About རྩོམ་སྒྲིག་པ།