རྒྱ་ནག་གཞུང་གིས་བོད་དང་འབྲུག་གི་ས་མཚམས་སུ་ཁང་རྩེག་མང་པོ་ཞིག་གསར་འཛུགས་བྱེད་མུས་ཡིན་པ་དེས། རྒྱ་གར་གྱི་རྒྱལ་སྲུང་ལ་ཉེན་ཁ་འཕྲད་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་པ་རེད།
དེ་རིང་རྒྱལ་སྤྱིའི་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་མཁའ་ལམ་བརྟག་དཔྱད་ (HawkEye 360) ཁང་གིས་ཆེད་མཁས་པ་གཉིས་ཀྱིས་མཁའ་ལམ་འཁོར་སྐར་ལས་འབྲུག་གི་ས་མཚམས་སུ་རྒྱ་ནག་གཞུང་གིས་གསང་བའི་ལས་གཞི་སྤེལ་གྱི་ཡོད་མེད་བརྟག་དཔྱད་བྱས་པ་བརྒྱུད། རྒྱ་ནག་གཞུང་གིས་འབྲུག་གི་ས་མཚམས་ཀྱི་ས་གནས་ཁག་དྲུག་གི་ནང་དུ་ཅ་དངོས་ཉར་ཚགས་བྱེད་སའི་ཁང་པ་ཚུད་པའི་སྡོད་ཁང་མི་འདྲ་བ་ ༢༠༠ ཙམ་འཛུགས་སྐྲུན་བྱེད་མུས་ཡིན་པ་མཁའ་ལམ་འཁོར་སྐར་ (satellite) གྱི་པར་རིས་བརྒྱུད་ནས་ཤེས་རྟོགས་བྱུང་ཡོད་འདུག
ཆེད་མཁས་པ་གཉིས་ཀྱིས་འཁོར་སྐར་ལས་བླངས་བའི་པར་རིས་དང་ས་གནས་སོགས་ལ་ཞིབ་དཔྱོད་ལེགས་པོར་གནང་སྟེ། ད་ལྟ་འཁོར་སྐར་གྱི་པར་རིས་སུ་གསལ་བའི་ས་ཁུལ་དྲུག་པོ་ནི། འབྲུག་དང་རྒྱ་ནག་གཉིས་ཀྱི་བར་དུ་རྩོད་རྙོག་ཡོད་པའི་མཐའ་མཚམས་ཀྱི་ས་ཚིགས་ཁག་ཡིན་ཞིང་། དེའི་ཁྲོད་དུ་ཉུང་མཐར་འབྲུག་དང་རྒྱ་ནག་གཉིས་ཀྱིས་རྩོད་གླེང་བྱེད་སའི་སྤྱི་ལེ་ ༡༡༠ ལྷག་ཡོད་པའི་མཐའ་མཚམས་ཀྱི་ས་ཁུལ་ཚུད་ཡོད་པ་དང་། ད་ལྟ་འཛུགས་སྐྲུན་བྱེད་མུས་ཡིན་པའི་ས་ཁུལ་དེ་དག་ནི་ཕྱི་ལོ་ ༢༠༡༧ ལོར་ཟླ་ངོ་གཉིས་ཙམ་ལ་རྒྱ་དཀར་ནག་གི་དམག་མིས་གདོང་ཐུག་བྱེད་སའི་འབྲོག་ལམ་ནས་སྤྱི་ལེ་ ༩ ནས་ ༢༧ ཙམ་གྱི་ཁུལ་དུ་ཡིན་སྐོར་སོགས་འགྲེལ་བརྗོད་བྱས་ཡོད་འདུག
འབྲུག་གི་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱིས། མང་ཚོགས་ཀྱི་ཁྲོད་དུ་མཐའ་མཚམས་ཀྱི་དཀའ་རྙོག་སྐོར་མི་གླེང་རྒྱུ་ནི་འབྲུག་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་ཡིན་པ་དང་། དེ་དག་ནི་འབྲུག་དང་རྒྱ་ནག་ནང་ཁུལ་དུ་གྲོས་བསྡུར་བྱ་རྒྱུའི་གནད་དོན་ཞིག་ཡིན་སྐོར་སོགས་འགྲེལ་བརྗོད་བྱས་ཡོད་པ་དང་། ཡང་འབྲུག་གི་ས་མཚམས་སུ་འཛུགས་སྐྲུན་གྱི་ལས་གཞི་དང་འབྲེལ་ནས་རྒྱ་ནག་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱིས། འཛུགས་སྐྲུན་དེ་དག་ནི་ས་གནས་མི་མང་གི་འཚོ་བའི་གནས་བབ་ཡར་རྒྱས་གཏོང་སླད་ཡིན་པ་དང་། རྒྱ་ནག་གཞུང་གི་ས་ཁོངས་སུ་འཛུགས་སྐྲུན་གྱི་ལས་གཞི་ལག་བསྟར་བྱས་པ་ནི་རྒྱ་ནག་གཞུང་གི་དབང་ཚད་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་འདུག
གནད་དོན་དེའི་ཐད་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱིས་བརྡ་ལན་གང་ཡང་སྤྲད་མེད་ཀྱང་། རྒྱ་གར་བདེ་སྲུང་ལས་ཁུངས་ཀྱིས། ས་ཁུལ་དེ་དག་ལ་རྒྱ་ནག་གཞུང་གིས་སྡོད་ཁང་སོགས་འཛུགས་སྐྲུན་བྱས་པ་དེས། གཞི་རྒྱ་ཆེ་བའི་ས་ཁུལ་དེ་དག་ལ་དོ་དམ་དང་ལྟ་རྟོག་བྱ་ཆོག་པ། རྒྱ་ནག་གི་མཐའ་མཚམས་སྲུང་སྐྱོབ་བྱ་ཆེད་དུ་ཡིན་པ་དང་། འབྲུག་དང་རྒྱ་ནག་བར་གྱི་མཐའ་མཚམས་རྩོད་རྙོག་ནི་འབྲུག་རྒྱལ་ཁབ་གཅིག་པུའི་གནད་དོན་ཙམ་མིན་པར། འབྲུག་རྒྱལ་ཁབ་ཀྱི་མཉམ་འབྲེལ་ཚོང་རོགས་སུ་གྱུར་བའི་རྒྱ་གར་གྱི་རྒྱལ་སྲུང་ཐད་ལའང་ཉེན་ཁ་འཕྲད་སྲིད་སྐོར་བརྗོད་ཡོད་འདུག
རྒྱ་ནག་གཞུང་གིས་མུ་མཐུད་འབྲོག་ལམ་ཁུལ་དུ་ལྟ་རྟོག་བྱེད་བཞིན་པ་དེས། རྒྱ་ནག་གཞུང་གིས་རྒྱ་གར་གྱི་བྱང་ཕྱོགས་ཀྱི་བྱ་སྐེ་ཞེས་པའི་ས་ཚིགས་སུ་མཐུད་བདེ་བའི་ཁེ་ཕན་ཡོད་པ་དང་། འབྲོག་ལམ་ནི་ཕྱི་ལོ་ ༢༠༢༠ ལོར་རྒྱ་དཀར་ནག་གཉིས་ཀྱིས་རྩོད་གཞིར་གྱུར་བའི་ཧིན་བོད་ས་མཚམས་ནས་སྤྱི་ལེ་ ༡༡༠༠ མཚམས་སུ་ཡོད་ཅིང་། རྒྱ་གར་གྱི་མཐའ་མཚམས་སྤྱི་ལེ་ ༣༥༠༠ ཙམ་རྒྱ་ནག་གི་ས་མཚམས་དང་འབྲེལ་ནས་ཡོད་པ་རེད་འདུག
གཞན་ཡང་ཕྱི་ལོ་ ༢༠༡༧ ལོར་འབྲོག་ལམ་ཁུལ་དུ་རྒྱ་གར་དཀར་ནག་གི་དམག་མིའི་བར་གདོང་ཐུག་དྲག་པོ་བྱུང་སྟེ། རྩོད་རྙོག་ལན་མང་བྱུང་ཡོད་པ་དང་། ཕྱི་ལོ་༢༠༢༠ ཕྱི་ཟླ་ ༡༡ ནང་རྒྱ་ནག་གཞུང་གིས་འབྲོག་ལམ་གྱི་ས་འོག་ཕུག་ལམ་དེ་སྤྱི་ལེ་ ༥༠༠ རྒྱ་སྐྱེད་ནས་དགུན་དུས་སུ་རྒྱ་ནག་གི་དམག་མི་སོགས་འབྲོག་ལམ་ཁུལ་དུ་དཔུང་འཇོག་བྱ་རྒྱུའི་གྲ་སྒྲིག་བྱས་ཡོད་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་རྩོད་རྙོག་ཏུ་གྱུར་བའི་འབྲོག་ལམ་ས་མཚམས་དང་རྒྱང་ཐག་སྤྱི་ལེ་ ༩ ཙམ་གྱི་སར་ཡོད་པའི་འབྲུག་གི་མངའ་ཁོངས་སུ་སིམ་འཛུལ་གྱིས་ས་ཁྱོན་སྤྱི་ལི་ ༢།༥ ཧམ་བཟུང་བྱས་ཡོད་པ་མ་ཟད། རྒྱ་ནག་གི་གྲོང་གསེབ་ཅིག་གསར་འཛུགས་ལེགས་གྲུབ་བྱུང་བའི་གནས་ཚུལ་ཐོན་ཡོད་པ་རེད།
བོད་ཀྱི་དུས་བབ་ལས་དྲངས།