ཨ་རྒྱ་གཉིས་ཀྱི་སྲིད་འཛིན་མཇལ་མོལ་ཐེངས་དང་པོའི་ཐོག་བོད་དོན་གླེང་སློང་གནང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌིན་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་ཀྱིས་དངོས་སུ་དྲ་ལམ་ནས་མཇལ་མོལ་ཐེངས་དང་པོ་གནང་སྐབས་བོད་དང་ཀོང་ཧོང་། ཡུ་གུར། དེ་བཞིན་ཐའེ་ཝན་སོགས་ཀྱི་གནད་དོན་སྐོར་ལ་གླེང་སློང་གནང་ཡོད་འདུག

 

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཐེངས་འདིའི་སྲིད་འཛིན་གཉིས་ཀྱི་དྲ་ལམ་གྲོས་མོལ་སྐབས། ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌིན་ (Joe Biden) མཆོག་གིས། ཨ་རིའི་ངོས་ནས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་ལེན་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་སྟེ་བོད་དང་། ཧོང་ཀོང་། ཡུ་གུར་བཅས་ལ་བཙན་གནོན་བྱས་དང་བྱེད་མུས་ཡིན་པའི་གནད་དོན་ཐད། ཨ་རིའི་གཞུང་གི་ངོས་ནས་བློ་འཚབ་ཆེན་པོ་ཡོད་སྐོར་དང་། ལྷག་པར་དུ་རྒྱ་གཞུང་གིས་ཐའེ་ཝན་གྱི་བདེ་སྲུང་འོག་ཏུ་ཡོད་པའི་མཁའ་ལམ་དུ་དྲག་པོའི་གནམ་གྲུ་སོགས་མངག་གཏོང་བྱས་ནས་འཇིགས་སྐུལ་བྱས་ཏེ། དྲག་དམག་གི་ལས་འགུལ་མང་པོ་སྤེལ་ནས་ཡུལ་དེའི་རྒྱལ་སྲུང་དང་ཞི་བདེར་རྡོག་རོལ་བཏང་བར་ངོ་རྒོལ་ཡོད་སྐོར་གསུངས་པ་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཨ་རིས་རྒྱ་ནག་གི་ལས་དོན་ལ་ཐེ་ཇུས་བྱེད་ཀྱི་ཡོད་པའི་སྐྱོན་འཛུགས་བྱས་ཡོད་འདུག དེ་བཞིན་དྲ་ལམ་གྲོས་མོལ་སྐབས་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་དང་། རྒྱལ་ཁབ་ཀྱི་བདེ་འཇགས། འཛམ་གླིང་གནམ་གཤིས་འགྱུར་ལྡོག་བཅས་ལ་ཨ་རྒྱ་གཉིས་ཀྱིས་དོ་སྣང་དང་འགན་ཁུར་དགོས་སྐོར་གླེང་སློང་གནང་ཡོད་འདུག

 

ད་དུང་ཨ་རིའི་སྲིད་འཛིན་བྷའེ་ཌིན་མཆོག་གིས། འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་གྱིས་མི་མང་གི་འཚོ་བར་བརྡབ་གསིག་ཚབས་ཆེན་ཕྲད་དང་འཕྲད་མུས་ཡིན་པར་བརྟེན། ནད་ཡམས་ཀྱི་འབྱུང་ཁུངས་རྩད་གཅོད་བྱས་ཏེ། ནད་ཡམས་ཀྱི་དཀའ་ངལ་ལས་གྲོལ་ཐབས་བྱ་དགོས་པ་དང་།  རྒྱ་ནག་གིས་རྡུལ་ཕྲན་གོ་མཛོད་རྒྱ་སྐྱེད་དེ་གོ་མཚོན་གྱི་དམག་སྦྱོང་གོང་མཐོར་གཏོང་མུས་ཡིན་སྟབས། དེའི་ཐད་ཨ་རིའི་གཞུང་གིས་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གི་བཟོ་གྲྭ་འདྲ་མིན་ནང་དུ་ལས་དོན་གཉེར་བཞིན་པའི་ཨ་རི་བ་རྣམས་ལ་ངེས་པར་དུ་སྲུང་སྐྱོབ་བྱེད་དགོས་པ་རེད། ཅེས་གསུངས་འདུག་པ་དེར། ཞི་ཅིན་ཕིང་གིས། ཨ་རིའི་གཞུང་གི་ངོས་ནས་རྒྱལ་ཁབ་ཀྱི་རྒྱལ་སྲུང་སྲིད་ཇུས་ལོག་པར་སྤྱད་དེ་རྒྱ་ནག་གི་བཟོ་ཚོང་ཁང་ལ་བཙན་གནོན་བྱ་མི་རུང་སྐོར་བརྗོད་ཡོད་འདུག

 

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ཨ་རིའི་ཕོ་བྲང་དཀར་པོའི་དྲ་ཐོག་ཏུ་དེ་འབྲེལ་གྱི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། སྲིད་འཛིན་རྣམ་གཉིས་ཀྱིས་རྒྱལ་ཁབ་ཕན་ཚུན་དམག་འཁྲུག་མི་འབྱུང་བ་གཙོ་དོན་གནང་དགོས་སྐོར་དང་གོ་ལའི་ཚ་དྲོད་ཀྱི་གནད་དོན་ཐད་མཉམ་འབྲེལ་གྱིས་ཕྱག་ལས་གནང་རྒྱུར་མོས་མཐུན་བྱུང་ཡོད་སྐོར་དང་། སྲིད་འཛིན་བྷའེ་ཌིན་མཆོག་གིས། རྒྱ་ནག་གིས་ཤིན་ཅང་དང་བོད། ཧོང་ཀོང་བཅས་ཀྱི་ནང་སྲིད་ཇུས་ལག་བསྟར་བྱེད་ཕྱོགས་དང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བར་སེམས་འཚབ་ཡོད་སྐོར་དང་།  རྒྱ་གར་ཞི་བདེའི་རྒྱ་མཚོ་ (Indo-Pacific) བདེ་འཇགས་ཀྱི་སྐོར་ལ་གླེང་སློང་དང་རྒྱལ་ཁབ་གཉིས་བར་ཚོང་འབྲེལ་དང་དཔལ་འབྱོར་གྱི་འགྲན་རྩོད་ཤུགས་ཆེན་ཡོད་ཀྱང་། འགྲན་རྩོད་དེ་ནི་རྩོད་རྙོག་ལ་མི་འགྱུར་བའི་ཆེད་དུ་འབྲེལ་ལམ་བཞག་དགོས་སྐོར་བརྗོད་འདུག ཚོང་འབྲེལ་སོགས་ཀྱི་ཁེ་ཕན་གྱི་ཆེད་དུ་འགྲན་བསྡུར་བྱེད་ཀྱི་ཡོད་ཀྱང་མི་མང་གི་འཕྲོད་བསྟེན་ཐད་དམིགས་བསལ་གྱི་དོ་སྣང་དང་རྒྱལ་ཁབ་ཀྱི་བདེ་འཇགས་ཐད་དོ་འཁུར་དགོས་སྐོར་དང་། དེ་བཞིན་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་དང་དགུན་དུས་ཨོ་ལིམ་པིག་སོགས་ཀྱི་སྐོར་ལ་གླེང་སློང་གནང་ཡོད་སྐོར་བཀོད་འདུག

 

ཁ་སང་ཕྱི་ཚེས་ ༡༧ ཉིན་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤྱི་ཚོགས་དྲ་ལམ་ (Twitter) ནང་གནས་ཚུལ་འདི་དང་འབྲེལ་ཏེ། ཨ་རིའི་སྲིད་འཛིན་མཆོག་གིས་ཐེངས་འདིའི་མགོ་ཁྲིད་རྣམ་གཉིས་དབར་གྱི་མཇལ་མོལ་ཐོག་རྒྱ་ནག་གི་སྲིད་འཛིན་ལ་བོད་ཀྱི་གནད་དོན་སྐོར་ཐད་ཀར་གླེང་བ་ནི་འོས་ཤིང་འཚམས་པ་ཞིག་ཡིན་པ་དང་། སྲིད་འཛིན་མཆོག་གིས་དེ་སྔའི་འོས་བསྡུའི་དྲིལ་བསྒྲགས་སྐབས། བོད་མིར་རྒྱབ་སྐྱོར་གྱི་ཞལ་བཞེས་ཁག་ཅིག་གནང་ཡོད་པ་ལྟར་ཕྱག་བསྟར་གནང་དགོས་པའི་དགོས་འདུན་བཏོན་འདུག

བོད་ཀྱི་དུས་བབ་ལས་དྲངས།

About རྩོམ་སྒྲིག་པ།