༄༅།།བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི།

༄༅།།བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི།

ལེའུ་དང་པོ།  སྔོན་འགྲོ།

དོན་ཚན་དང་པོ།   སྒྲིག་གཞིའི་མིིང་།

སྒྲིག་གཞི་འདི་ལ་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་བོད་རྒྱལ་ལོ་༢༡༤༦ཕྱི་ལོ་༢༠༡༩ ཞེས་འབོད་རྒྱུ།

དོན་ཚན་གཉིས་པ།  ཆ་རྐྱེན།

སྒྲིག་གཞི་འདི་བོད་ལྗོངས་མདོ་སྨད་ཆོལ་ཁའི་རྩ་འཛིན་སྒྲིག་གཞིའི་ལེའུ་དྲུག་པ་དོན་ཚན་ཉེར་བཞིའི་འབྲུ་དོན་ལྟར་བཀོད་སྒྲིག་བྱས་པ་ཡིན།

དོན་ཚན་གསུམ་པ།   འགོ་འཛུགས།

ཕྱི་ལོ་ ༢༠༡༩ ཟླ་ ༤ པའི་ཚེས་ ༡ ནས་ལག་ལེན་བསྟར་རྒྱུ།

དོན་ཚན་བཞི་པ།  ཁྱབ་ཚད།

མདོ་སྨད་དབུས་རྒྱུན་ལས་སུ་འདེམས་ཐོན་ཐོག་དམ་འབུལ་ཁས་ལེན་ཞུས་ཟིན་པ་ཡོངས་ལ་ཁྱབ་པ་ཡིན།

དོན་ཚན་ལྔ་པ།   ལས་འཁུར་དམ་བཅའ།

དབུས་རྒྱུན་འདེམས་ཐོན་བྱུང་བ་རྣམས་ཀྱིས་ལས་ཁུར་མ་ཞུས་གོང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་ ༸ སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་ལས་འཁུར་དམ་བཅའམ་ཁས་ལེན་ཞུ་དགོས། དམ་བཅའམ་ཁས་ལེན་མ་ཟིན་གྱི་བར་སྐབས་དེའི་ཚོགས་གཙོས་དམ་འབུལ་ལས་རིམ་རང་ཁོངས་སྤྱི་འཐུས་རྒྱུན་ལས་ལ་སྙན་གསེང་ཞུ་དགོས།

ལེའུ་གཉིས་པ།  ཚོགས་འདུ།

དོན་ཚན་དྲུག་པ།

འཆར་འཕར་ཚོགས་འདུ།

༡༽ ཛ་དྲག་དམིགས་བསལ་གྱིས་འཚོགས་དགོས་རིགས་ཕུད།  ལོ་འཁོར་གཅིག་ནང་དབུས་རྒྱུན་ལྷན་ཚོགས་ཐེངས་གཉིས་ངེས་པར་འཚོགས་དགོས། ཚོགས་འདུ་སྔ་རྗེས་དབར་ཟླ་གྲངས་དྲུག་ལས་མ་བརྒལ་བ་དགོས།

༢༽ཚོགས་ཚེས་དང་ཚོགས་ཡུལ། གྲོས་གཞི་བཅས་པ་དབུས་རྒྱུན་རྣམ་པས་གོ་བསྡུར་གྱིས་དྲུང་ཆེས་ཉིན་གྲངས་ ༢༡ ནང་ཚུན་ཚོགས་བརྡ་གཏོང་དགོས།

༣༽ཛ་དྲག་དམིགས་བསལ་ཚོགས་འདུ་བསྡུ་སྐོང་བྱ་དགོས་བྱུང་ཚེ་ཉིན་གྲངས་༡༠ ལས་མ་ཉུང་བའི་སྔོན་བརྡའི་ཐོག་བསྡུ་སྐོང་བྱ་དགོས།

༤༽འཆར་འཕར་གྱི་ཚོགས་འདུའི་ཚིག་ཐོ་གྲོས་ཆོད་བཅས་པ་དབུས་རྒྱུན་དྲུང་ཆེས་བཀོད་ཉར་དགོས།  ཚོགས་ཆེན་སྐབས་ཚོགས་དྲུང་ཟུར་དུ་གོ་སྒྲིག་བྱ་འཐུས།

༥༽ ལུགས་མཐུན་དགོངས་པ་ཞུ་འཁྲོལ་མ་བྱུང་བར་དབུས་རྒྱུན་ཚོགས་འདུར་བསྟུད་མར་ཐེངས་གཉིས་ལ་བཅར་ཞུགས་མ་བྱས་ཚེ་དབུས་རྒྱུན་ནས་རང་བཞིན་གྱིས་བུད་པ་ཡིན།

ལེའུ་གསུམ་པ། དབུས་རྒྱུན་གྱི་འོས་འགན་དང་། ཐོབ་ཐང་།

དོན་ཚན་བདུན་པ།

༦༽ཚོགས་གཙོ་དང། ཚོགས་གཞོན། དྲུང་ཆེ་གསུམ་རྒྱུན་བཞུགས་ལས་བྱེད་ཀྱི་ངོ་བོར་རྟག་བཅར་ཞུ་དགོས་མིན་དང་། ཕོག་ཐོབ། སྐབས་སོ་སོའི་དབུས་རྒྱུན་མང་མོས་སམ་སྤྱི་མོས་ཀྱིས་ཐག་གཅོད་གནང་དགོས།

༧༽ལས་ཞུགས་ཞུ་ཕྱོགས་ཚད་ལྡན་ཡོང་ཕྱིར་ཚུགས་གྲོལ་གྱི་དུས་ཚོད་དེབ་འགོད་མིང་རྟགས་བཅས་པ་རྒྱུན་དུ་ཞུ་དགོས།

༨༽བོད་མིའི་སྒྲིག་འཛུགས་ཀྱི་གཏན་འབེབས་གཞུང་འབྲེལ་གུང་གསེང་གང་ཡིན་པ་གཅིག་གྱུར་ཡིན།  དེ་མིན་སྤྱི་སྒེར་གང་གི་ཆེད་དུ་ཕེབས་དགོས་བྱུང་ཚེ་ཕན་ཚུན་ཤེས་རྟོགས་བྱས་ནས་ཕེབས་པ་ལས་རང་དགར་ཕེབས་མི་ཆོག

༩༽གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་འདུ་དང་ཟབ་སྦྱོང་། ལས་འགུལ་གཞན་བཅས་ལ་བཅར་དགོས་བྱུང་ཚེ་ཚོགས་གཙོ་གཞོན་ནམ་དྲུང་ཆེ་སུ་རུང་བཅར་དགོས། གསུམ་ག་དུས་ཁོམ་མ་བྱུང་སྐབས་རྒྱུན་ལས་གང་རུང་མངགས་གཏོང་ཆོག་པ་ཡིན།

༡༠༽རླུང་འཕྲིན་དང་དུས་དེབ་ཚགས་ཤོག་ཁག་གི་བཅར་འདྲིར་མིང་འབོད་ཡོད་ན་ལས།ཚོགས་གཙོ་གཞོན་དང་། དྲུང་ཆེ་གསུམ་གོ་བསྡུར་གྱིས་སུ་རུང་ནས་མདོ་སྨད་དབུས་རྒྱུན་གྱི་མགྲིན་ཚབ་བྱ་འཐུས། ཚོགས་གཙོ་གཞོན་དང་དྲུང་ཆེ་གསུམ་དུས་ཁོམ་མ་གྱུར་ཚེ་རྒྱུན་ལས་གཞན་སུ་རུང་ལ་འགན་དབང་བསྐུར་ཆོག དེ་མིན་མདོ་སྨད་དབུས་རྒྱུན་གྱི་མིང་ཁྱེར་ཏེ་ཚགས་ཤོག་དང་རླུང་འཕྲིན་ཚོགས་འདུ་ཁག་ལ་ལན་འདེབས་གཏམ་བཤད་རིགས་སྤེལ་མི་ཆོག

༡༡༽མདོ་སྨད་པ་སུ་ཞིག་ལ་གཏན་འབེབས་མེད་པའི་ངོ་སྦྱོར་རྒྱབ་གཉེར་སོགས་སྤྲོད་དགོས་བྱུང་ཚེ་རྒྱུན་ལས་རྣམས་ལ་གོ་བསྡུར་གྱིས་སྤྱི་མོས་སམ་མང་མོས་ཀྱིས་ཐག་གཅོད་བྱ་རྒྱུ།

 

༡༢ །མདོ་སྨད་དབུས་རྒྱུན་ཚོགས་གཙོ་གཞོན་དང་དྲུང་ཆེས་རྐང་འགན་ཐོག་རྒྱུན་བཞུགས་ལས་བྱེད་ནས་ས་རྒྱུན་དང་འབྲེལ་མཐུད་པར་འབྲེལ་བ་དམ་ཟབ་རྒྱུན་སྐྱོང་བྱ་དགོས།

 

 

ལེའུ་བཞི་པ། ཆབ་སྲིད་ཀྱི་ལས་དོན་བྱེད་ཕྱོགས།

དོན་ཚན་བརྒྱད་པ། ལས་འགུལ་དང་། མཉམ་ཞུགས།

༡༽བོད་ལྗོངས་མདོ་སྨད་ཆོལ་ཁའི་རྩ་འཛིན་སྒྲིག་གཞིའི་དགོངས་དོན་ལྟར། མདོ་སྨད་དབུས་རྒྱུན་གྱིས་ཆབ་སྲིད་ཀྱི་ལས་འགུལ་ཅི་ཞིག་སྤེལ་ཡང་། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་། བོད་མིའི་སྒྲིག་འཛུགས་ཀྱི་གཏན་འབེབས་སྲིད་བྱུས་ཀྱི་རྒྱ་ལས་མ་བརྒལ་བ་དགོས་པ་ཡིན།

༢༽དབུས་རྒྱུན་ལས་སུ་ཡང་གོང་གསལ་དོན་ཚན་དང་པོ་དང་འགལ་བའི་ཚོགས་འདུ་དང་བགྲོ་གླེང། ལས་འགུལ་བཅས་པར་མཉམ་ཞུགས་མི་ཆོག

༣།གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་མཉམ་འབྲེལ་བ་དམ་ཟབ་དགོས། འོན་ཀྱང་ཆབ་སྲིད་ཀྱི་ལས་དོན་བྱེད་ཕྱོགས་ནང་གསེས་དོན་ཚན་དང་པོ་དང་མ་འགལ་པའི་ཐོག་ནས་ཟུང་འབྲེལ་གྱི་ལས་འགུལ་མཉམ་སྤེལ་མཉམ་ཞུགས་ཆོག་པ་ཡིན། མདོར་ན་ཆབ་སྲིད་ཀྱི་ལས་དོན་དང་། གཞན་འཆར་འཕར་ལས་དོན་གང་ཡང་བབ་བརླིང་བརྟན་གསུམ་དང་། འཕྲལ་ཕུག་རྒྱང་གསུམ་ལ་བསམ་ཞིབ་གོ་བསྡུར་སྦྱང་བཤད་ཀྱིས་ཐག་གཅོད་དགོས་པ་ཡིན།

ལེའུ་ལྔ་བ། སྤྱི་ཚོགས་བདེ་དོན།

དོན་ཚན་དགུ་པ། ཀ རྒྱབ་གཉེར་དང་ངོ་སྤྲོད།

༡།མདོ་སྨད་པ་ཡིན་ནོ་ཅོག་ནས་མདོ་སྨད་ལག་ཁྱེར་བྱང་བུ་བཟོ་དགོས།

༢།མདོ་སྨད་ལག་ཁྱེར་བྱང་བུ་ཡོད་རིགས་ལ་རྒྱབ་གཉེར་དང་ངོས་སྦྱོར་སྤྲོད་འོས་སྤྲོད་རྒྱུ། འོན་ཀྱང་གནད་དོན་ཞིབ་འཇུག་ངེས་པར་དགོས་པ་ཡིན།

ཁ རོགས་སྐྱོར།

༡༽ མདོ་སྨད་པ་ཉམ་ཐག རྒན་རྒོན་ནད་པ་ལྟ་རྟོག་བྱེད་མཁན་མེད་རིགས། དེ་བཞིན་མཐོ་སློབ་སློབ་ཡོན་དགོས་ངེས་རིགས་ལ་རྟོག་ཞིབ་དང་འབྲེལ་རོགས་སྐྱོར་ཐབས་འཚོལ་བྱ་རྒྱུ།

ལེའུ་དྲུག་པ།

མདོ་སྨད་དབུས་རྒྱུན་གྱི་སྤྱི་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན།

 

དོན་ཚན་བཅུ་བ། མདོ་སྨད་དབུས་རྒྱུན་ལས་ཁང་གི་སྤྱི་དངུལ་འདུ་འགོད།

༡། མདོ་སྨད་དབུས་རྒྱུན་གྱི་འབབ་ཡོང་ཚོགས་དངུལ་དང་། ཞལ་འདེབས། གློ་བུར་རོགས་དངུལ། གཞན་བྱུང་འབབ་བཅས་པ་ཡོངས་རྫོགས་སྤྱི་དངུལ་ཕྱོགས་བསྡོམས་སུ་ཚུད་དགོས་པ་ཡིན།

༢། ཀ ལོ་ལྟར་ཟླ་ ༣ ཚེས ༣༡ ནང་ཚུན་དབུས་རྒྱུན་གྱི་ལོ་འཁོར་གཅིག་གི་གཏོང་ཡོང་ཚོད་དཔག་སྔོན་རྩིས་འགན་འཛིན་ལྷན་ཚོགས་ནས་བཀའ་འཁྲོལ་ཞུ་དགོས།

ཁ། འགྲོ་གྲོན་རིགས་རྩིས་འགོ་མ་འདྲེས་པར་ལས་འཆར་དང་དགོས་དམིགས་རྒྱུ་མཚན་གསལ་བཤད་མཉམ་འབུལ་དགོས།

ག།ལོ་འཁོར་ཚོད་དཔག་མེད་པར་གློ་བུར་གྱིས་འགྲོ་གྲོན་གཏོང་དགོས་རིགས་ཚད་ལྡན་རྒྱུ་མཚན་དང་རྩིས་བརྗོད་ཞིབ་ཕྲ་བཅས་འགན་འཛིན་ལྷན་ཚོགས་ནས་བར་བརྒལ་བཀའ་འཁྲོལ་ཞུ་དགོས། འགན་ལྷན་ནས་བདུན་གཅིག་གི་ནང་ཚུན་བཀའ་འཁྲོལ་ལམ་དགག་བྱ་གང་ཡང་ཐོན་དགོས་པ་མ་གཏོགས། བཀའ་འཁྲོལ་ཐོན་པར་བརྩི་ཆོག

 

༣།འགན་འཛིན་ལྷན་ཚོགས་ནས་དབུས་རྒྱུན་ཚོགས་གཙོར་དཔལ་འབྱོར་གྱི་དབང་ཚད་ཁྱབ་སྒྱུར་དང་། གཏོང་ལེན་འགན་འཛིན་ལ་དབང་སྐུར་དགོས། ཚོགས་གཙོས་ཚོགས་གཞོན་དང་དྲུང་ཆེར་དུས་ནས་དུས་སུ་གཏོང་ལེན་འགན་འཛིན་དུ་བསྐོ་གཞག་བྱ་དགོས།

༤།ལོ་འཁོར་གཅིག་གི་བཀའ་འཁྲོལ་དངུལ་འབབ་བཏོན་བཅུག་བདེ་བའི་དངུལ་ཁང་གི་རྒྱུན་འགྲོའི་རྩིས་(saving) ནང་འཇོག་དགོས། གཞན་དངུལ་འབོར་ཇི་ཡོད་དགོས་མཁོ་གཞིར་བཟུང་ཟླ་དུས་རྒྱས་བཅད་ཀྱི་གཏན་འཇགས་(FD)དུས་བཀག་སྐྱེད་བཅོལ་དུ་འཇོག་དགོས།

༥།དངུལ་ཁང་གི་ཡིག་ཆ་ཚོགས་གཙོ་དང་། དྲུང་ཆེ། དངུལ་གཉེར་བཅས་ཀྱི་མིང་རྟགས་འོག་འཇོག་དགོས།

༦།འགྲོ་སོང་གཏོང་དགོས་གང་ཡང་རྩིས་པས་རྩིས་བརྗོད་བཅད་ཁྲའི་ཐོག་གཏོང་ལེན་འགན་འཛིན་གྱི་བཀའ་འཁྲོལ་དང་འབྲེལ་དངུལ་འབབ་བཏོན་སྤྲོད་དགོས།

༧།རྒྱུན་གྲོན་གསོལ་ཕོགས་དང་ཁང་གླ་སོགས་ཁྲིམས་མཐུན་དངུལ་ཁང་བཅད་ཤོག་བརྒྱུད་སྤྲོད་དགོས། དེ་ལྟར་མ་བྱུང་ཚེ་ཁུངས་ལྡན་ཡིག་ཐོག་འགྲེལ་བརྗོད་དགོས་པ་ཡིན།

༨། དངུལ་གཉེར་གྱིས་ལག་དངུལ་ཧིན་སྒོར་ཉིས་ཁྲི་ལྷག་ཉར་འཇོག་མི་ཆོག

༩། འགྲོ་སོང་གང་ཡང་ཁུངས་ལྡན་བྱུང་འཛིན་དགོས།

༡༠། ཟླ་དྲུག་རེའི་མཚམས་ཚོགས་གཙོ་གཞོན་གྱི་སྟངས་འཛིན་འོག་དངུལ་གཉེར་དང་རྩིས་པས་དེའི་རིང་གི་དངུལ་རྩིས་གནས་སྟངས་ནང་ཞིབ་འགྲེལ་བརྗོད་དང་འབྲེལ། ཆད་ལྷག་གི་སྐྱོན་གནས་སོགས་གཙང་བཟོ་དགོས།

༡༡༽ དབུས་རྒྱུན་ནས་ལོ་རེའི་རྩིས་ཁྲ་དང་།བྱུང་སོང་ཁ་འཐབ་གྱི་རྩིས་ཁྲ་བཅས་ཚད་ལྡན་རྩིས་ཞིབ་པ་ཞིག་གིས་རྩིས་སྙན་དག་མཆན་འཁོད་པའི་ཡིག་ཆ་འགན་འཛིན་ལྷན་ཚོགས་སུ་སྙན་སྒྲོན་ཞུས་ཏེ་དག་མཆན་ཞུ་རྒྱུ།

༡༢༽ སྐབས་སོ་སོའི་རྒྱུན་ལས་དུས་ཡུན་མ་རྫོགས་སྔོན་ལ་རྩིས་ཞིབ་ཚོགས་ཆུང་ཆེད་འཛུགས་ཀྱིས་སྐབས་དེའི་ལོ་གསུམ་གྱི་རྩིས་ཞིབ་ཚད་ལྡན་འགྲོ་དགོས་དགོས།

༡༣༽ ཧིན་སྒོར་འབུམ་གཅིག་ལས་བརྒལ་བའི་ཅ་དངོས་ཉོ་སྒྲུབ་བྱ་དགོས་ཚེ་རིན་ཚད་མཇལ་བསྡུར་ཡིག་ཆ་དགོས།

དོན་ཚན་བཅུ་གཅིག་པ།

༡། ཤེས་ཡོན་རོགས་སྐྱོར་དང་ནད་མནར་ཉམ་ཐག་རིགས་ཀྱི་རོགས་སྐྱོར་བཅས་ཀྱི་སྒྲིག་མཐུན་དབུས་རྒྱུན་ལས་ནས་སྐབས་བསྟུན་ཐག་གཅོད་གྲོས་ཆོད་འཇོག་རྒྱུ།

ལེའུ་བདུན་པ།

སྒྲིག་གཞི་བསྐྱར་བཅོས།

དོན་ཚན་བཅུ་གཉིས་པ།

༡ སྒྲིག་གཞི་འདི་ལ་བསྐྱར་བཅོས་དགོས་གལ་ནམ་བྱུང་སྐབས་དབུས་རྒྱུན་རྩ་འབོར་གྱི་གསུམ་ཆ་གཉིས་ཀྱི་མོས་མཐུན་བསྐྱར་བཅོས་ལ་འགན་ལྷན་ནས་བཀའ་ཁྲོལ་ཐོབ་དགོས།

ཟུར་སྣོན་ཡིག་ཆ།

༡།ཀ  དབུས་རྒྱུན་གྱི་ལས་འཁུར་དམ་བཅའ་/ཁས་ལེན།

༢།ཁ  ཚོགས་གཙོ་། ཚོགས་གཞོན་དང་དྲུང་ཆེའི་ལས་འཁུར་དམ་བཅའ་/ཁས་ལེན།

 

About ལས་འབྱེད།