༄༅། །མཚོ་བྱང་མདོ་ལ་(ཆི་ལེན་)རྫོང་གི་དགོན་སྡེ།

༡     ཨ་རིག་དགོན་དགའ་ལྡན་ཆོས་འཕེལ་གླིང་།

ཨ་རིག་དགོན་༡༧པའི་ནང་དགའ་ལྡན་ཆོས་འཕེལ་གླིང་ནི་དུས་རབས་མདོ་ལ་རྫོང་དུ་ཨ་རིག་མཁས་བཙུན་རྒྱ་མཚོས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

 

དགོན་འདི་རྒྱལ་དབང་ལྔ་བ་ཆེན་མོ་རྒྱ་ཕེབས་ཀྱི་ཞོར་མཚོ་སྔོན་དུ་བྱོན་སྐབས། ཨ་རིག་དཔོན་པོ་སོགས་ཀྱིས་གདན་ཞུས་ཀྱིས་འདིར་དགོན་པ་འདེབས་པའི་སྐྱབས་འཇུག་ཞུས་དོན་བཞིན་རྒྱལ་དབང་ལྔ་བས་བཀའ་འཁྲོལ་གནང་སྟེ། ཤར་བྲག་བླ་མ་བསོད་ནམས་གྲགས་པ་དང་ཨ་རིག་མཁས་བཙུན་རྒྱ་མཚོ་གཉིས་ཀྱིས་

དགོན་པ་བཏབ་ནས་དགོན་མིང་ལ་དགའ་ལྡན་ཆོས་འཕེལ་གླིང་བཏགས། ཨ་རིག་བསྟན་པ་རབ་རྒྱས་ཀྱིས་སྐྱོང་ཁུར་གནང་། ནང་མ་འཆམ་ནས་སྡེ་ཚོ་དང་དགོན་པ་གཉིས་ཀ་གནས་སྤོ་ཐེངས་མང་བྱས། ཕྱིས་ཨ་རིག་སྟོང་དཔོན་ནམ་མཁའ་ཚེ་དབང་དང༌། བརྒྱ་དཔོན་ཨ་རྡོ་སོགས་ཀྱི་རིང་ལ་ཡར་རྒྱས་ཆེན་པོ་བྱུང༌། དེ་ནས་

བཟུང་དགོན་འདི་མདོ་ལ་ས་ཁུལ་གྱི་དགེ་ལུགས་པའི་དགོན་སྡེ་ཆེ་ཤོས་སུ་གྱུར། སྤྱི་ལོ་༡༩༥༨ ལོར་རྒྱས་བཤིག་སྟེ་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༠ ལོ་ནས་ཡུལ་མིས་དང་བླང་ཞལ་འདེབས་ཕུལ་ཏེ་བསྐྱར་བཞེངས་བྱས།

 

 

༢    སྒོ་མེ་དགོན་པ།

སྒོ་མེ་དགོན་པ་ནི་༡༩༤༣ལོར་མདོ་ལ་རྫོང་དུ་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

 

དགོན་འདི་འདེབས་མཁན་སུ་ཡིན་ལ་གསལ་ཁ་མི་འདུག སྤྱི་ལོ་༡༩༤༧ ལོར་རྒྱ་བསྐྱེད་བཏང་། ཤེས་རབ་བསྟན་འཛིན་རྒྱ་མཚོ་དང་། ལུང་རྟོགས་དགེ་འདུན་རྒྱ་མཚོ་ཟེར་བའི་བླ་ཆུང་གཉིས་གདན་དྲངས། ཕོའུ་ལོའུ་མེའོ་བྱ་བ་བླ་བྲང་བཀྲ་ཤིས་འཁྱིལ་དུ་སོང་ནས་འདོན་སྒྲིག་སོགས་ཀྱི་ཕྱི་བ་བླངས་པ་དགོན་པར་བཙུགས།

དེ་ནས་བཟུང་བླ་བྲང་དགོན་པའི་དགོན་ལག་ཏུ་གྱུར། སྤྱི་ལོ་༡༩༥༨ ལོར་རྒྱས་བཤིག་སྟེ་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༧ ལོར་ས་གནས་ཡུལ་མིས་བསྐྱར་བཞེངས་བྱས། །

 

༣  པེ་ཧོ་དགོན་དགའ་ལྡན་ཐོས་བསམ་གླིང་།

པེ་ཧོ་དགོན་དགའ་ལྡན་ཐོས་བསམ་གླིང་ནི་སྤྱི་ལོ་༡༦༤༤ཡས་མས་སུ་གུང་ཐང་བླ་མས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

 

དགོན་འདིར་ལོ་རྒྱུས་རང་བཞིན་གྱི་ཆག་འཇིག་དུ་མ་བྱུང་། སྤྱི་ལོའི་དུས་རབས་ཉི་ཤུ་བའི་མགོ་ཙམ་ལ་དགོན་པ་དང་སྡེ་ཚོ་གཉིས་མཉམ་དུ་ད་ལྟའི་ཡུལ་འདིར་སྤོས། སྤྱི་ལོ་༡༩༣༩ ལོར་ཐོག་མའི་གནས་སུ་ཕྱིར་བསྐྱོད་བྱས། སྤྱི་ལོ་༡༩༤༣ ལོར་སླར་དེང་གི་གནས་འདིར་སྤོས་ཏེ་དགོན་པ་གསར་འདེབས་བྱས། ཞིང་གུང་ཐང་སྐུ་ཕྲེང་བཅུ་གསུམ་པས་བདག་སྐྱོང་མཛད། སྤྱི་ལོ་༡༩༥༨ ལོ་དང་༡༩༦༦ ལོ་གཉིས་ལ་རྒྱ་གཞུང་གིས་དགོན་པ་བཅོམ་སྟེ་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༣ ལོ་ནས་ཡུལ་མིས་བསྐྱར་བཞེངས་བྱེད་མགོ་ཚུགས།

 

 

༤དགའ་སྡེ་དགོན་པ།

དགའ་སྡེ་དགོན་པ་སྤྱི་ལོ་༡༨༧༥ཡས་མས་སུ་མདོ་ལ་རྫོང་དུ་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

 

འདིའི་དགོན་མིང པ་ནི་དགའ་སྡེ་བཤད་སྒྲུབ་དར་རྒྱས་གླིང་ཡིན། འདི་ཉིད་སྔར་སེམས་ཉིད་ཕྱོགས་སུ་ཡོད་པའི་གུར་དགོན་ཞིག་ཡིན་ཀྱང་། སྤྱི་ལོ་༡༩༢༠ལོར་མཱ་ཀྲུང་ཡུན་ཇག་དམག་གིས་ཟིང་འཁྲུག་བསླངས་པས་དགོན་པ་དང་སྡེ་ཚོ་གཉིས་ཆ་འདི་ཁུལ་དུ་གནས་སྤོ་བྱས། སྤྱི་ལོ་༡༩༥༢ ལོར་ཁང་དགོན་དུ་བསྒྱུར། སྤྱི་

ལོ་༡༩༥༨ ལོར་རྒྱས་བཅོམ་སྟེ་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༤ ལོ་ནས་ཡུལ་མིས་བསྐྱར་བཞེངས་བྱས།

 

 

༥     བེ་ཇང་དགོན་པ།

བེ་ཇང་དགོན་པ་ནི་༡༩༠༥ལོར་མདོ་ལ་རྫོང་དུ་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

 

དགོན་འདི་སྔོན་བེ་ཇང་ཚོ་བའི་མཆོད་ཡུལ་གུར་དགོན་ཞིག་ཡིན། སྤྱི་ལོ་༡༩༥༨ ལོར་རྒྱས་བཅོམ་སྟེ་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༣ ལོ་ནས་ཡུལ་མིས་བསྐྱར་བཞེངས་བྱས། གཞན་ལོ་རྒྱུས་རྒྱས་པ་ཡོད་པ་མ་མཐོང་།

༦     སྡེ་མང་དགའ་ལྡན་བསམ་གཏན་གླིང་།

སྡེ་མང་དགའ་ལྡན་བསམ་གཏན་གླིང་ནི་སྤྱི་ལོ་༡༩༤༣ལོར་མདོ་ལ་རྫོང་དུ་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

 

དགོན་འདི་ནི་སྡེ་མང་ཚོ་བའི་དགོན་པ་ཡིན། སྤྱི་ལོ་༡༩༥༠ ལོར་ཨ་ལི་ཁུ་རི་བོ་ཞེས་པའི་ངོས་སུ་དགོན་གནས་སྤོས། སྤྱི་ལོ་༡༩༥༨ ལོར་རྒྱས་བཅོམ་སྟེ་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༥ ལོ་ཡུལ་མིས་བསྐྱར་བཞེངས་བྱས།

 

 

 

༧    ལཱ་མོ་དར་རྒྱས་ཆོས་སྤེལ་གླིང་།

ལཱ་མོ་དར་རྒྱས་ཆོས་སྤེལ་གླིང་ནི་སྤྱི་ལོ་༡༩༨༡ལོར་མདོ་ལ་རྫོང་ཁུ་ཁུ་ཨུ་རས་སུ་མང་ཚོགས་ནས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ནི་དུས་རབས་ཉི་ཤུ་བའི་མཇུག་ཏུ་གསར་འདེབས་བྱས་པའི་འབྲོག་ཁུལ་གྱི་དགོན་ཆུང་ཞིག་ཡིན་ལ། ཡུལ་འདིར་དགོན་ཆུང་འདི་འདྲ་ཞིག་འདེབས་དགོས་པའི་རྒྱུ་མཚན་ནི།སྤྱི་ལོ་༡༩༥༨ལོ་ནས་ས་འདིར་རྡུལ་ཕྲན་མཚོན་ཆ་ཞིབ་འཇུག་ཆེད་གསང་བའི་བཟོ་གྲྭ་ཨང་༢༢༡ཅན་བཙུགས་ཏེ།མདའ་བཞི་ཚོ་བདུན་གྱི་འབྲོག་ཁྱིམ་༡༧༠༠ལྷག་ཡུལ་དེ་ནས་གཞན་དུ་སྤོ་རུ་བཅུག་སྟབས།སྔར་གྱི་དགོན་སྡེ་ལཱ་མོ་སྒར་དང་ཁད་ཤིན་ཏུ་རིང་བར་གྱུར་པས་དགོན་ཆུང་འདི་ཉིད་བཏབ་པ་ཡིན་འདུག      འདིའི་སྐོར་མཚོ་བྱང་ཁུལ་གྱི་དགོན་སྡེ་ཁག་གི་ལོ་རྒྱུས་སྙིང་བསྡུས་ཞེས་པ།༢༠༠༣ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་མ་ཤོག་ངོས་༢༧༢།༢༧༣བར་གསལ།

 

༨      པད་དཀར་ཆོས་གླིང་།

པད་དཀར་ཆོས་གླིང་ནི་སྤྱི་ལོ་༡༩༩༧ལོར་མདོ་ལ་རྫོང་ཐོ་ལེ་རུ་བླ་མ་འཇུ་རྒན་ཚང་གིས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

སྤྱི་ལོ་༡༩༥༨ལོ་ནས་ས་འདིར་རྡུལ་ཕྲན་མཚོན་ཆ་ཞིབ་འཇུག་ཆེད་གསང་བའི་བཟོ་གྲྭ་ཨང་༢༢༡ཅན་བཙུགས་ཏེ།མདའ་བཞི་ཚོ་བདུན་གྱི་འབྲོག་ཁྱིམ་༡༧༠༠ལྷག་ཡུལ་དེ་ནས་གཞན་དུ་སྤོ་རུ་བཅུག་ཅིང་།བོད་ཀྱི་འབྲོག་སྡེའི་ཤུལ་དུ་རྒྱ་གཞུང་གི་ཕྱུགས་ར་བཙུགས་སྟབས།སྔར་གྱི་དགོན་སྡེ་ལཱ་མོ་སྒར་ཁ་དང་སྤྱི་ལེ་༤༠༠ལྷག་ཇེ་རིང་དུ་གྱུར་པས་དགོན་ཆུང་འདི་ཉིད་བཏབ་པ་ཡིན་འདུག      འདིའི་སྐོར་མཚོ་བྱང་ཁུལ་གྱི་དགོན་སྡེ་ཁག་གི་ལོ་རྒྱུས་སྙིང་བསྡུས་ཞེས་པ།༢༠༠༣ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་མ་ཤོག་ངོས་༡༧༡།༢༧༥བར་གསལ།

About རྩོམ་སྒྲིག་པ།