༄༅། །ལུང་མདོའམ་(ལུ་ཏུའུ་)རྫོང་ཁོངས་ཀྱི་དགོན་སྡེ།

༡  གྲོ་ཚང་ལྷ་ཁང་ཀོ་ཏ་སྡེ།

གྲོ་ཚང་ལྷ་ཁང་ཀོ་ཏ་སྡེ་ནི་སྤྱི་ལོ་༡༣༩༢ལོར་གྲོ་ཚང་དགོན་ལུང་བྲག་དུ་སངས་རྒྱས་བཀྲ་ཤིས་ནས་ཕྱག་བཏབ།ཆོས་རྒྱུད་རིས་མེད་ཡིན།

དགོན་འདིའི་མིང་དངོས་ལ་དགེ་རྒྱས་བདེ་ཆེན་གླིང་ཟེར། འདེབས་པ་བོའི་མཚན་ཡོངས་གྲགས་ལ་གྲུབ་ཆེན་གླང་དཀར་བ་ཟེར་ཞིང་། ལོ་རྒྱུས་ཡིག་ཆ་ལ་ལར་ཧེ་བླ་མར་ཡང་གྲགས་ཏེ་འགའ་རེས་དེ་ཉིད་རྒྱ་སྐད་རེད་ཟེར། འདི་བའི་ལོ་རྒྱུས་མཁས་པའི་རེའུ་མིག་ཏུ་གཟིགས་པར་ཞུ། སུམ་པས་ཆུ་མེལ་དུ་དགོན་གཞི་བཟུང་ཟེར། འདིར་བོད་རྒྱ་ཡིག་རིགས་གཉིས་ལྡན་གྱི་རྡོ་རིང་དང་ཅོང་ཆེན་ཡོད་ལ། གྲོ་ཚང་གིས་ཅོང་བརྡུངས་ན། །བ་ཡན་དུ་རྟ་འདྲོག །ཟེར་སྲོལ་ཡོད། གྲོ་ཚང་གི་ཅོང་ངམ་དྲིལ་བུའི་ལོ་རྒྱུས་རྒྱས་པ་ཁོ་བོས་བྲིས་པའི་བོད་ཀྱི་རོལ་མོའི་ལོ་རྒྱུས་སུ་གཟིགས་པར་བྱའོ།།

 

 

༢་  གྲོ་ཚད་དགོན་བཀྲ་ཤིས་ལྷུན་པོ།

དྲོ་ཚད་དགོན་བཀྲ་ཤིས་ལྷུན་པོ་ནི་སྤྱི་ལོ་༡༦༡༩ལོར་གྲོ་ཚང་ལྷས་སྔོ་ཏིང་དུ་ཤེས་རབ་མཆོག་ལྡན་ནས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

དགོན་འདི་ཐོག་མར་གྲུབ་ཆེན་གླང་དཀར་བས་དགོན་ལུང་བྲག་ཏུ་བཏབ་པའི་དགེ་དགྱེས་བདེ་ཆེན་གླིང་ཟེར་བ་དེ། རྒྱལ་བ་བསོད་ནམས་རྒྱ་མཚོ་གདན་དྲངས་སྐབས་རྡོ་རྗེ་འཆང་གི་ལྷ་ཁང་གྲོང་དང་འདྲེས་སྟབས་ཟུར་དབྱེ་གནང་སྟེ་དགོན་པ་འདེབས་རྒྱུ་ཞུས་པར་དགོན་གནས་ལུང་བསྟན་ཅིང་། བཀྲ་ཤིས་ལྡིང་ཁ་ཞེས་པའི་དགོན་མིང་བསྩལ། ལྔ་བ་ཆེན་པོ་དགུང་ལོ་གསུམ་པར་ནང་སོ་དཔལ་ལྡན་རྒྱ་མཚོ་སོགས་ཀྱི་མཐུན་འགྱུར་འོག་ལྷས་སྔོ་ཏིང་དུ་བཏབ་ཟེར་བས། སྔར་གྱི་དགེ་དགྱེས་བདེ་ཆེན་གླིང་འདིར་སྤོས་པ་འདྲ། དགོན་བདག་བྲག་དཔོན་སློབ་ཀྱིས་བྱེད། བཏབ་ལོ་ལྕགས་ཕག་ཟེར་མཁན་ཡོད་ཀྱང་ས་མོ་ལུག་འདི་ཀུན་མཁྱེན་བསྟན་རྩིས་ལྟར་ཡིན་པས་ཁུངས་དག་ཟེར།

 

 

༣     རྩོང་ཐར་རི་ཁྲོད།

རྩོང་ཐར་རི་ཁྲོད་ནི་སྤྱི་ལོ་༡༦༡༩ལོར་གྲོང་ཚང་དུ་ལུ་ཀྱཱ་སྤྲུལ་སྐུའི་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ནི་དེང་གི་ལུང་མདོ་རྫོང་མཁར་གྱི་ནུབ་ལྷོ་རྒྱུད་སྤྱི་ལེ་༢༦ སར་ཡོད།སྤྱི་ལོ་༡༩༦༦ རྒྱ་དམར་གཞུང་གིས་བཅོམ་སྟེ་ཆོས་སྒོ་བརྒྱབ་ནས་བསྐྱར་གསོ་བྱས་མེད། སྔར་དགོན་བདག་གྲོ་ཚང་བཀྲ་ཤིས་ལྷུན་པོའི་བླ་མ་ལོས་ཀྱུ་ཡིན་འདུག་ཀྱང་ད་ལྟའི་གནས་ཚུལ་མ་ཤེས།།

 

༤     ཞི་དགུ་ཏུང་དགོན།

ཞི་དགུ་ཏུང་དགོན་ནི་གྲོ་ཚང་དུ་ལོའུ་ཀྱ་སྤྲུལ་སྐུའི་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ཡང་གྲོ་ཚང་རྫོང་མཁར་གྱི་ལྷོ་རྒྱུད་སྤྱི་ལེ་༢༠ སར་ཡོད། གྲོ་ཚང་ལྷ་ཁང་གོ་ཏམ་སྡེ་དགེ་རྒྱས་བདེ་ཆེན་གླིང་གི་དགོན་ལག་ཏུ་གཏོགས། གྲོ་ཚང་བཀྲ་ཤིས་ལྷུན་པོའི་ཀ་རིང་ཚང་གིས་སྐྱོང༌། སྤྱི་ལོ་༡༧༢༢ ལོའི་མཚོ་སྔོན་དུས་འཁྲུག་ཆེན་མོའི་སྐབས་ཆིན་དམག་གིས་གཏོར་བཅོམ་བཏང་། སླར་གསོ་བྱས་ཀྱང་། སྤྱི་ལོ་༡༩༦༧

ལོར་རྒྱ་གུང་ཁྲན་གྱིས་བསྐྱར་བཅོམ་བྱས། ད་བར་བསྐྱར་བཞེངས་བྱ་ཐུབ་མེད།

 

 

༥     ཀོན་དགུ་ཕིན་དགོན།

ཀོན་དགུ་ཕིན་དགོན་ནི་སྤྱི་ལོ་༡༩༢༩ཡས་མས་ཤིག་གལ་གྲོ་ཚང་དུ་སྨེ་རྒྱ་བླ་མས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ཡང་གྲོ་ཚང་རྫོང་མཁར་གྱི་ཤར་ལྷོའི་སྤྱི་ལེ་༢༦གི་སར་ཡོད། གྲོ་ཚང་ལྷ་ཁང་གོ་ཏམ་སྡེ་དགེ་རྒྱས་བདེ་ཆེན་གླིང་གི་དགོན་ལག་ཏུ་གཏོགས། སྔར་འདུ་ཁང་དང་གྲྭ་ཤག་སོགས་ཆ་རྐྱེན་ལེགས་ཙམ་ཡོད་ཀྱང༌། སྤྱི་ལོ་༡༩༦༣ ལོར་རྒྱ་གུང་ཁྲན་གྱིས་བཅོམ་སྟེ་ཆོས་སྒོ་བརྒྱབ། ད་བར་བསྐྱར་བཞེངས་བྱ་ཐུབ་མེད།

 

༦      ཕུ་ལ་ཡང་རྫོང་རི་ཁྲོད།

ཕུ་ལ་ཡང་རྫོང་རི་ཁྲོད་ནི་དུས་རབས་༩བའི་ནང་གྲོ་ཚང་དུ་མཁས་པ་མི་གསུམ་ནས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ཡང་གྲོ་ཚང་རྫོང་མཁར་གྱི་ཤར་ལྷོའི་སྤྱི་༢༧ གྱི་སར་ཡོད། འདི་བའི་མཚན་དངོས་ལ་བློ་བཟང་དབང་ཕྱུག་སྐལ་བཟང་རྒྱ་མཚོ་ཟེར། གྲོ་ཚང་བླ་མ་སྐུ་ཕྲེང་གསུམ་པ་ཡིན་འདུག་ཅིང༌། འདི་ལ་ཡང་རྫོང་ལ་པདྨ་ཆོས་རྫོང་ཡང་ཟེར།བཙན་པོ་གླང་དར་གྱིས་བསྟན་པ་བསྣུབ་སྐབས། དབུས་གཙང་གི་མཁས་པ་མི་གསུམ་དུ་གྲགས་པ་མདོ་སྨད་དུ་ཡུལ་བྱོལ་ལ་ཕེབས་སྐབས། དུས་ཡུན་གང་འཚམ་རིང་གནས་འདིར་བཞུགས་པས་སྒོམ་གནས་གྲགས་ཆེན་དུ་གྱུར། ཕྱིས་གྲོ་ཚང་དགོན་བཀྲ་ཤིས་ལྷུན་པོ་དང༌། གྲོ་ཚང་ལྷ་ཁང་གོ་ཏ་སྡེའི་དགེ་འདུན་པ་མང་བོས་སྒོམ་སྒྲུབ་བྱེད་ས་ཞིག་ཏུ་གྱུར། སྤྱི་ལོ་༡༩༦༨ ལོར་རྒྱ་གུང་ཁྲན་གྱིས་བཅོམ་སྟེ་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༨ ལོ་ནས་ས་གནས་ཡུལ་མིས་བསྐྱར་བཞེངས་བྱས།

 

 

༧   ཇོ་ཐོས་རི་ཁྲོད།

ཇོ་ཐོས་རི་ཁྲོད་ནི་སྤྱི་ལོ་༡༣༩༢ལོར་གྲོ་ཚང་དུ་བསམ་བློ་བླ་མས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་གྲོ་ཚང་རྫོང་མཁར་གྱི་ཤར་ལྷོའི་སྤྱི་ལེ་༢༥སར་ཡོད། སྤྱི་ལོ་ ༡༩༥༨ལོར་རྒྱས་བཅོམ་སྟེ་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༢ ལོ་ནས་ཡུལ་མིས་དང་བླང་ཞལ་འདེབས་ཕུལ་ཏེ་བསྐྱར་བཞེངས་བྱས། །

 

 

༨    ཧྲན་ཁྲིན་ལིན་དགོན།

ཧྲན་ཁྲིན་ལིན་དགོན་ནི་དུས་རབས་༡༨ནང་གྲོ་ཚང་དུ་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་གྲོང་ཚང་རྫོང་མཁར་གྱི་ནུབ་ལྷོའི་སྤྱི་ལེ་༡༥ སར་ཡོད། དགོན་ལུང་བྱམས་པ་གླིང་གི་ཐུའུ་བཀྭན་ནང་སོའི་མངའ་གཏོགས་ཀྱི་དགོན་པ་ཞིག་ཡིན། སྤྱི་ལོ་༡༩༥༨ ལོར་རྒྱས་བཅོམ་སྟེ་ཆོས་སྒོ་བརྒྱབ། དེང་དུས་ཀྱི་གནས་སྟངས་མ་ཤེས།

 

 

༩     ཁྱུད་ཚའི་ལྷ་ཁང་།

ཁྱུད་ཚའི་ལྷ་ཁང་ནི་ལོ་༣༠༠གོང་དུ་གྲོ་ཚང་དུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་གྲོ་ཚང་རྫོང་མཁར་གྱི་ནུབ་བྱང་སྤྱི་ལེ་༡༦ གི་སར་ཡོད། དགོན་ལུང་བྱམས་པ་གླིང་གི་དགོན་ལག་ཏུ་གཏོགས། དགོན་གནས་ཐེངས་དུ་མར་སྤོས་པར་བཤད། ཉེ་རབས་ལོ་རྒྱུས་སུ་བླ་མ་བློ་བཟང་བྱ་བས་སྐྱོང་ཟེར། སྤྱི་ལོ་༡༩༦༧ ལོར་རྒྱས་བཅོམ་སྟེ་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༦ ལོར་ཡུལ་མིས་བསྐྱར་བཞེངས་བྱས།

 

༡༠    ཀླུ་རྒྱལ་ནང་དགོན།

ཀླུ་རྒྱལ་ནང་དགོན་ནི་དུས་རབས་༡༧པའི་དཀྱིལ་ཙམ་ལ་གྲོ་ཚང་དུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ཡང་གྲོ་ཚང་རྫོང་མཁར་གྱི་ནུབ་བྱང་སྤྱི་ལེ་༢༠ སར་ཡོད། བཤད་རྒྱུན་དུ་དགོན་འདི་སྔོན་བཀའ་བརྒྱུད་པའི་དགོན་པ་ཞིག་ཡིན་མོད། སྤྱི་ལོ་༡༧༢༣ལོའི་མཚོ་སྔོན་དུས་འཁྲུག་སྐབས་ཆིན་དམག་གིས་གཏོར་བཅོམ་བཏང་། ཕྱིས་སྤྱི་ལོ་༡༩༤༤ ཙམ་ལ་སླར་གསོ་བྱས་པ་ནས་དགེ་ལུགས་སུ་གྱུར་ཟེར། སྤྱི་ལོ་༡༩༥༨ ལོར་རྒྱས་བཅོམ་སྟེ་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༨ ལོར་ས་གནས་ཡུལ་མིའི་རང་འགུལ་གྱིས་སླར་གསོ་བྱས།

 

 

༡༡    ཀན་དགུ་དགོན།

ཀན་དགུ་དགོན་ནི་དུས་རབས་༡༨པའི་ནང་དུ་གྲོ་ཚང་དུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ཡང་གྲོ་ཚང་རྫོང་མཁར་གྱི་ནུབ་བྱང་སྤྱི་ལེ་༡༧ གྱི་སར་ཡོད། སྤྱི་ལོ་༡༧༢༢ ལོའི་མཚོ་སྔོན་དུས་འཁྲུག་སྐབས་ཆིན་དམག་གིས་གཏོར་བཅོམ་བཏང་། ཕྱིས་བསྐྱར་བཞེངས་བྱས་ཏེ་དེང་གི་དགོན་གནས་འདིར་བསྐྱར་བཞེངས་བྱས་པར་བཤད། སྐབས་དེ་དུས་སུ་དགོན་པར་གྲྭ་གྲངས་༡༥ཡོད། སྤྱི་ལོ་༡༩༦༤ ལོར་རྒྱས་བཅོམ་སྟེ་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༩ ལོར་ས་གནས་ཡུལ་མིའི་རང་འགུལ་གྱིས་སླར་གསོ་བྱས།།

 

༡༢   ཨ་ལ་མཚམས་ཁང་། །

ཨ་ལ་མཚམས་ཁང་ནི་སྤྱི་ལོ་༡༦༤༤ལོར་གྲོ་ཚང་དུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

རྒྱ་རྣམས་ཀྱིས་འདི་ལ་ཏ་ལན་ཧྲན་མཚམས་ཁང་ཟེར་བར་སྣང་། ཕྱིས་ཡུལ་མིས་རྒྱ་བསྐྱེད་བྱས་པས་མཚམས་ལས་དགོན་ཆུང་ལྟ་བུར་གྱུར་པ་འདྲ། ལུ་ཀཱ་སྐུ་ཕྲེང་གིས་འཛིན་བདག་བྱེད་པ་ཡིན་ནམ་སྙམ། སྤྱི་ལོ་༡༩༥༨ ལོར་རྒྱས་བཅོམ་སྟེ་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༦ ལོར་ཡུལ་མིས་བསྐྱར་བཞེངས་བྱས།

 

 

༡༣     ཐུའུ་བཀུན་ཀུའུ་མཚམས་ཁང་།

ཐུའུ་བཀྭན་ཀུའུ་མཚམས་ཁང་ནི་དུས་རབས་༡༨པའི་སྟོད་དཀྱིལ་ཙམ་ལ་གྲོ་ཚང་དུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་གྲོ་ཚང་རྫོང་མཁར་གྱི་ཤར་བྱང་སྤྱི་ལེ་༢༠ སར་ཡོད། ཐུའུ་བཀྭན་སྐུ་ཕྲེང་ཞིག་གི་སྒྲུབ་གནས་ཡིན་པ་འདྲ། སྔར་གྱི་མཚམས་ཁང་ནས་རིམ་བཞིན་རྒྱ་བསྐྱེད་བྱུང་ཞིང༌། དེ་ལ་བརྟེན་པའི་མི་སྡེ་ཡང་འཕེལ་རྒྱས་སུ་ཕྱིན་ཏེ་དགོན་པར་གྱུར། སྤྱི་ལོ་༡༩༦༦ ལོར་རྒྱས་གཏོར་ཏེ་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༦ ལོ་ནས་ས་གནས་ཡུལ་མིས་རང་འགུལ་གྱིས་སླར་གསོ་བྱས།

 

 

༡༤     ཚང་ཀྱའི་སྐུ་འབུམ།

ཚང་ཀྱའི་སྐུ་འབུམ་ནི་སྤྱི་ལོ༡༩༠༢ལོར་གྲོ་ཚང་དུ་སྐུ་འབུམ་རྒྱ་ཡག་ཚང་གིས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདིའི་མིང་དངོས་ལ་བཀྲ་ཤིས་ཀུན་འཕེལ་གླིང་ཟེར། གྲོ་ཚང་རྫོང་མཁར་གྱི་བྱང་རྒྱུད་སྤྱི་ལེ་༢༤ སར་ཡོད། ཐོག་མའི་འདེབས་མཁན་རྒྱ་ཡག་ཚང་ཡིན་མིན་ཤེས་དཀའ། ཕྱིས་ཡུལ་མིས་ཞུས་ངོར་སྐུ་འབུམ་རྒྱ་ཡིག་ཚང་གིས་འཛིན་བདག་མཛད། དེ་བས་དཔའ་རིས་བཀའ་བཙན་དགོན་གྱི་བླ་མ་པདྨ་བྱ་བར་གནང༌། དེས་སྟོང་སྐོར་ཚང་ལ་ཕུལ། སྤྱི་ལོ་༡༩༡༢ ཙམ་ལ་སྟོང་སྐོར་སྤྲུལ་སྐུས་དགོན་ལུང་ལྕང་སྐྱ་ཚང་ལ་ཕུལ་བ་ནས་ལྕང་སྐྱ་ཚང་གིས་འཛིན་བདག་གནང༌། དེ་ནས་བཟུང་དགོན་ལུང་གི་དགོན་ལག་ལྟ་བུར་གཏོགས། སྤྱི་ལོ་༡༩༦༨ ལོར་རྒྱས་བཅོམ་སྟེ་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༩༡ ལོ་ནས་ཡུལ་མིས་བསྐྱར་བཞེངས་བྱས།

 

༡༥     ཀྲོ་ཀྱ་ཟི།

ཀྲོ་ཀྱ་ཟི་ནི་སྤྱི་ལོ་༡༦༣༠ལོའི་ཡས་མས་ཤིག་གལ་གྲོ་ཚང་དུ་གྲོ་ཚང་དཔོན་པོས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་གྲོ་ཚང་རྫོང་མཁར་བྱང་རྒྱུད་སྤྱི་ལེ་༡༨ ཀྱི་སར་ཡོད། སྤྱི་ལོ་༡༧༢༣ ལོའི་མཚོ་སྔོན་དུས་འཁྲུག་སྐབས་ཆིན་དམག་གིས་བཅོམ། སྤྱི་ལོ་༡༨༡༤ ལོར་གྲོ་ཚང་མང་ཚོགས་ཀྱིས་བསྐྱར་བཞེངས་བྱས། སྤྱི་ལོ་༡༨༢༣ ལོར་ཡང་བསྐྱར་སླར་གསོ་བྱས་ཟེར་ཡང་། ཆག་འཇིག་ཅི་བྱུང་མི་གསལ། སྤྱི་ལོ་༡༩༤༩ ལོར་དགོན་འདི་རི་ཁྲོད་བསམ་གཏན་རྩེའི་དགོན་ལག་ཏུ་སྦྱར།

 

 

 

༡༦     ཕེན་ཐན་མཚམས་ཁང་།

ཕེན་ཐན་མཚམས་ཁང་ནི་སྤྱི་ལོ་༡༧༠༠ཡས་མས་ཤིག་ལ་གྲོ་ཚང་དུ་གྲོ་ཚང་དཔོན་པོས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་གྲོ་ཚང་རྫོང་མཁར་གྱི་ཤར་བྱང་སྤྱི་ལེ་༢༠ སར་ཡོད། སྔར་དགོན་འདིར་འདུ་ཁང་ཀ་བར་གསུམ་ཅན་ཡོད་ཀྱང་། དགོན་གནས་སྤོས་ཏེ་འདུ་ཁང་ཀ་བར་༥ ཅན་བཞེངས་ནས་རྒྱ་བསྐྱེད་བྱས། ཐོག་མའི་ཆོས་རྒྱུད་རྙིང་མ་ཡིན་མོད།དགོན་མགོ་སྟོང་བཤགས་བཀྲ་ཤིས་ཆོས་གླིང་ལ་ཕུལ་བ་ནས་དགེ་ལུགས་སུ་གྱུར།

སྤྱི་ལོ་༡༩༥༨ ལོར་རྒྱས་བཅོམ་སྟེ་ཆོས་སྒོ་བརྒྱབ་ནས་བསྐྱར་གསོ་བྱ་ཐུབ་མེད།

 

 

༡༧     རྟག་བརྟན་རྡོ་རྗེ་གླིང་།

རྟག་བརྟན་རྡོ་རྗེ་གླིང་ནི་སྤྱི་ལོ༡༧༠༠ཡས་མས་ཤིག་ལ་གྲོ་ཚང་དུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་གྲོ་ཚང་རྫོང་མཁར་གྱི་ཤར་བྱང་སྤྱི་ལེ་༣༠ སར་ཡོད། ཆུ་ཡོས་དུས་འཁྲུག་སྐབས་ཆིན་དམག་གིས་གཏོར། ཕྱིས་ལྷ་ཁང་དང་གྲྭ་ཤག་སོགས་བསྐྱར་བཞེངས་བྱས་ཀྱང་། སྤྱི་ལོ་༡༩༥༨ ལོར་རྒྱས་བཅོམ། སྤྱི་ལོ་༡༩༨༥ ལོར་ཡུལ་མིས་བསྐྱར་བཞེངས་བྱས།

 

 

༡༨   མ་ཡད་དགོན་བཀྲ་ཤིས་ཆོས་གླིང་།

མ་ཡང་དགོན་བཀྲ་ཤིས་ཆོས་གླིང་ནི་༡༧༠༠་ཡས་མས་ཤིག་ལ་གྲོ་ཚང་དུ་ལུ་ཀྱ་ཚང་གིས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་གྲོ་ཚང་རྫོང་མཁར་གྱི་ཤར་བྱང་སྤྱི་ལེ་༣༠ སར་ཡོད། དུས་རབས་ཉི་ཤུ་བའི་མགོ་སྟོད་དུ་འཇིག་པར་བཤད་ཀྱང་། ཟི་ལིང་དུ་གནས་སྡོད་ཁ་ཆེ་མཱ་ཇག་གིས་བཅོམ་པ་ཡིན་ནམ་སྙམ། ལེན་ཧུ་ཐེ་དགའ་ལྡན་གནས་བཅུ་འཕེལ་རྒྱས་གླིང་གི་དགོན་ལག་ཡིན། ལུ་ཀུ་ནང་སོའི་བླ་དཔོན་གྱི་མངའ་གཏོགས་ཡིན་ཟེར། ལུ་ཀྱི་བླ་དཔོན་ངག་དབང་བསྟན་པའི་རྒྱལ་མཚན་སོགས་ལུ་ཀྱ་སྐུ་ཕྲེང་གི་དབྱར་བཞུགས་གནང་ས་ལྟ་བུ་ཞིག་ཡིན་འདུག སྤྱི་ལོ་༡༩༥༨ ལོར་རྒྱས་བཅོམ་པ་ནས་ད་བར་བསྐྱར་བཞེངས་བྱེད་མཁན་བྱུང་མེད།

 

༡༩    སྲོག་མཁར་སྒྲུབ་སྡེ་དགའ་ལྡན་ཆོས་གླིང་།

སྲོག་མཁར་སྒྲུབ་སྡེ་དགའ་ལྡན་ཆོས་གླིང་ནི་༡༧༠༠་ཡས་མས་ཤིག་དུ་གྲོ་ཚང་དུ་ལུ་ཀྱ་ཚང་གིས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་གྲོ་ཚང་རྫོང་མཁར་གྱི་ཤར་བྱང་སྤྱི་ལེ་༥༠ སར་ཡོད། སྔར་མཚམས་ཁང་ཞིག་ཡིན་འདུག་ལ། སྤྱི་ལོ་བརྒྱ་ཕྲག་བཅུ་བདུན་པའི་སྨད་ཙམ་ལ་དགོན་པར་གྱུར། སྤྱི་ལོ་༡༧༢༣ ལོའི་ཆུ་ཡོས་དུས་འཁྲུག་སྐབས་ཆིན་དམག་གིས་གཏོར་བཅོམ་བཏང་། ཐོག་མར་དགོན་འདི་སྲོག་མཁར་རི་སྟེང་དུ་ཆགས་ཀྱང་། འཐུང་ཆུ་རུ་འདབས་ནས་ལེན་དགོས་པ་དང་། རི་ངོས་གཟར་ཞིང་ནགས་ཚལ་སྟུག་པས་སྤྱང་ཀིའི་འཇིགས་པ་ཆེ་བ་བཅས་ཀྱིས་རུ་གཤམ་དུ་སྤོས་པར་བཤད། བཟང་བོ་སྐུ་ཕྲེང་གསུམ་པ་ཡེ་ཤེས་དཔལ་འབྱོར་ནས་བཟུང་དགོན་ལུང་གི་དགོན་ལག་ཏུ་གྱུར་ཏེ།ནང་སོ་བཟང་བོས་བདག་སྐྱོང་བྱས་པར་བཤད། སྤྱི་ལོ་༡༩༦༧ ལོར་རྒྱ་གཞུང་གིས་བཅོམ། ནང་སོ་བཟང་བོའི་ནང་ཆེན་ལ་ས་གནས་མཉམ་ལས་ཁང་བཙུགས། སྤྱི་ལོ་༡༩༨༡ ལོར་ཡུལ་མིས་བསྐྱར་བཞེངས་བྱས།།

 

 

༢༠    ནན་ཧྲན་དགོན།

ནན་ཧྲན་དགོན་ནི་ཕག་གྲུའི་སྐབས་ཙམ་ལ་གྲོ་ཚང་དུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་གྲོ་ཚང་རྫོང་མཁར་ནུབ་རྒྱུད་སྤྱི་ལེ་༨ སར་ཡོད་འདུག་ཅིང་། ལོ་ངོ་བརྒྱ་སྔོན་གྱི་དགོན་སྡེ་ཡིན་པས་འདུ་ཁང་ལ་རྙིང་སྐྱོན་ཆེ་སྟབས། སྤྱི་ལོ་༡༩༡༥ ཙམ་ལ་འདུ་ཁང་བསྐྱར་བཞེངས་བྱས། སྤྱི་ལོ་༡༩༦༢ ལོར་རྒྱ་ནག་གིས་དགོན་པ་གཏོར་བཅོམ་བཏང༌། སྤྱི་ལོ་༡༩༨༧ ལོར་ས་གནས་ཡུལ་མིས་རྒྱ་སྒོར་ཁྲི་ཕྲག་བཞི་ལྷག་བསྡུས་

ཏེ་འདུ་ཁང་དང་ལྷ་སྐུ་སོགས་བསྐྱར་བཞེངས་བྱས།

 

 

༢༡     པེ་ཧུ་དགོན།

པེ་ཧུ་དགོན་ནི་གྲོ་ཚང་པེ་ཡན་སྡེ་བར་ཨ་དཔོན་པོས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

དགོན་འདི་ལོ་རྒྱུས་རིང་ཟེར། ཨ་དཔོན་པོའི་རུས་རྒྱུད་ཀྱིས་འཛིན་སྐྱོང་བྱེད་ཀྱིན་ཡོད་འདུག དགོན་པའི་གྲྭ་བ་མང་ཆེ་བ་ཡང་ཨ་ཀྱ་རིགས་རྒྱུད་དག་ཡིན།ཐོག་མའི་དགོན་གནས་པེ་ཡན་སྡེ་བར་ཡོད་ཀྱང་། སྤྱི་ལོ་༡༧༢༢ ལོའི་ཆུ་ཡོས་དུས་འཁྲུག་སྐབས་དགོན་པ་ཆིན་དམག་གིས་གཏོར་བས། མ་ཡང་དགོན་བཀྲ་ཤིས་ཆོས་གླིང་གི་ཤར་ལྷོའི་མཚམས་དེར་དགོན་གནས་སྤོས་ཏེ་བསྐྱར་བཞེངས་བྱས། དགོན་ལུང་བྱམས་པ་གླིང་གི་དགོན་ལག་ཏུ་གཏོགས། ནང་སོ་བཟང་བོའི་མངའ་ཞབས་ཡིན་ཟེར། སྤྱི་ལོ་༡༩༦༧ ལོར་རྒྱ་གཞུང་གིས་དགོན་པ་གཏོར་བཅོམ་བྱས་པ་ནས་ད་བར་སླར་གསོ་བྱེད་མཁན་བྱུང་མེད།

 

 

༢༢    ཡན་ཧྥུའུ་ཟི།

ཡན་ཧྥུའུ་ཟི་ནི་༡༦༤༤ཡས་མས་ཤིག་ལ་གྲོ་ཚང་དུ་ས་གནས་ཡུལ་སྤྲིས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

 

འདི་རྒྱ་རྣམས་ཀྱིས་ཏུང་ཐོའུ་ཟི་ཡང་ཟེར། གྲོ་ཚང་རྫོང་མཁར་གྱི་ཤར་ལྷོའི་སྤྱི་ལེ་༢༤ སར་ཡོད། སྔར་སོག་པོའི་མི་ཞིག་གིས་ཆོསདཔེ་དང་རྗེ་ཙོང་ཁ་བའི་ཤིང་སྐུ་སོགས་རྟེན་རྫས་རྔ་མོང་ཞིག་ལ་བཀལ་ནས་འགྲོ་བའི་ལམ་བར་དུ་ད་ལྟའི་དགོན་ང་ཉལ་ནས་ཡར་མ་ལངས་པས། མི་དེ་བྱ་ཐབས་ཟད་དེ་རྗེའི་སྐུ་བརྙན་གནས་དེར་བཞུགས་ནས་ཡུལ་དེ་དང་གྱེས། ཡུལ་མི་ཚོས་རྗེ་ཙོང་ཁ་བའི་སྐུ་བརྙན་དེ་སྡེ་ནང་དུ་གདན་དྲངས་ཏེ་དགོན་པ་བཞེངས་ཟེར། སྤྱི་ལོ་༡༧༢༣ ལོའི་ཆུ་ཡོས་དུས་འཁྲུག་སྐབས་གཏོར་བཅོམ་བྱས། དེ་ལ་ཆིན་གོང་མ་ཁྲོས་ཏེ་བསྐྱར་བཞེངས་བྱས་ཟེར། དེའི་ཕྱིས་ཀྱི་གནས་ཚུལ་མ་ཤེས།

 

 

༢༣    རི་ཁྲོད་བསམ་གཏན་རྩེ།

རི་ཁྲོད་བསམ་གཏན་རྩེ་ནི་སྤྱི་ལོ་༡༧༣༦།༡༧༩༥བར་གྲོ་ཚང་དུ་དགེ་འདུན་དར་རྒྱས་ནས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

དགོན་འདི་འདེབས་པ་པོ་ཡོངས་གྲགས་ཀྱི་མཚན་ལ་ཆི་ཀྱ་སྒོམ་རྒན་ཟེར་སྣང་ཞིང་། ལུ་ཀྱི་སྐུ་ཕྲེང་བཞི་བ་ཚུལ་ཁྲིམས་བསྟན་འཛིན་རྒྱ་མཚོས་རྒྱ་བསྐྱེད་གནང་ཞིང་སྟོང་གཤགས་བཀྲ་ཤིས་ཆོས་གླིང་གི་དགོན་ལག་ཏུ་བསྒྱུར་བར་བཤད།

 

 

 

༢༤   གསེར་རིའི་དགོན།

གསེར་རིའི་དགོན་ནི་སྤྱི་ལོ་༡༦༤༤ལོར་གྲོ་ཚང་དུ་ས་གནས་ཡུལ་མིས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ལ་རྒྱ་མི་དག་གིས་ཡན་ཧྲུའུ་ཟི་ཞེས་འབོད། གྲོ་ཚང་རྫོང་མཁར་གྱི་ཤར་ནས་ལྷོའི་སྤྱི་ལེ་༢༥ སར་ཡོད། སྔར་དགོན་གནས་ཐེངས་གཉིས་ལ་སྤོས་ཟེར། གནས་རི་འདིར་གསེར་གཏེར་བཏོན་པས་དགོན་མིང་ལ་གསེར་རིའི་དགོན་ཐོགས་ཟེར།སྤྱི་ལོ་༡༩༥༨ ལོར་ལན་གྲོའུ་ནས་མཚོ་སྔོན་ཟི་ལིང་དུ་གཞུང་ལམ་བཟོ་སྐབས་དགོན་

པ་གཏོར་ནས་རྩ་མེད་བཟོས། དེ་ནས་བཟུང་དགོན་པ་དེའི་མིང་ཙམ་ལོ་རྒྱུས་སུ་ལྷག་པ་ཙམ་ཡིན།

 

 

༢༥    རྒྱ་ཀྱཱ་ཐེག་ཆེན་གླིང་།

རྒྱ་ཀྱཱ་ཐེག་ཆེན་གླིང་ནི་གྲོ་ཚང་དུ་དབོན་དཔལ་འབྱོར་ནས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

 

དགོན་འདིའི་འདེབས་པ་བོ་གླང་དཀར་གྱི་རིགས་དཔོན་པོ་འདི་བ་ཡིན་མིན་བརྟག། ཕྱིས་ཀྱི་ཆོས་རྒྱུད་དགེ་ལུགས་ཡིན་ནམ་དཔྱད།

 

 

༢༦     ཀ་རིང་བསམ་འགྲུབ་གླིང་།

ཀ་རིང་བསམ་འགྱུབ་གླིང་ནི་སྤྱི་ལོ་༡༤༧༥ལོར་གྲོ་ཚང་ཀ་རིང་དུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

དགོན་འདི་གྲོ་ཚང་རྡོ་རྗེ་འཆང་ནས་རྒྱང་གྲགས་བཅུའི་མཚམས་སུ་ཡོད་ཅིང༌། འདི་ལ་ལྷ་ཁང་རྟ་བརྒྱ་མའང་ཟེར། མདོ་སྨད་ཆོས་འབྱུང་རྩོམ་དུས་བཏབ་ནས་ལོ་བཞི་བརྒྱར་ཉེར་གསུམ་འགྱངས་སོང་ཞེས་གསུངས།།

 

 

 

༢༧   ཨ་བགྲ་ག་ཤེར་ཐའི་དགོན་པ།

ཨ་བགྲ་ག་ཤེར་ཐའི་དགོན་པ་ནི་སྐྱ་ཏི་བསྟན་འཛིན་རྒྱ་མཚོས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

དགོན་འདི་སྐྱ་ཏི་བསྟན་འཛིན་རྒྱ་མཚོ་ཟེར་བ་རྒྱ་ནག་ཏུ་ཕེབས་ཤིང་ལྕང་སྐྱ་རོལ་བའི་རྡོ་རྗེ་དང་འབྲེལ་ཆེ་བས་ཆེན་ལུང་གིས་ཧུ་ཐོག་ཐུའི་ཆོ་ལོ་ཐོབ་ཟེར།གང་ཕྱོགས་ཡིན་མིན་སོགས་མ་ཤེས།།

 

 

༢༨    བྱ་རྒོད་རྩེ་རི་ཁྲོད།

བྱ་རྒོད་རྩེ་རི་ཁྲོད་ནི་དཔའ་རིས་འཇུ་ལག་དུ་བློ་བཟང་དར་རྒྱས་ནས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

དགོན་འདི་འདེབས་པ་པོའི་ཡོངས་གྲགས་ཀྱི་མཚན་ལ་ཀ་རྩ་རབ་འབྱམས་པ་ཟེར། རི་ཁྲོད་འདི་བཙན་པོ་དགོན་གྱི་དགོན་ལག་ཡིན། ཆིན་ཐུང་ཀྲིའི་སྐབས་དམག་གིས་གཏོར། བསྐྱར་བཞེངས་བྱས་ཀྱང་སྤྱི་ལོ་༡༨༩༥ སླར་ཆིན་དམག་གིས་གཏོར། བསྐྱར་གསོ་བྱས་པ་སྤྱི་ལོ་༡༩༥༨ རྒྱ་དམར་གྱིས་རྩ་གཏོར་བཏང༌། བཏབ་ལོ་མ་རག

 

 

 

༢༩    ཆོས་ལུང་ཐོས་བསམ་གླིང་།

ཆོས་ལུང་ཐོས་བསམ་གླིང་ནི་བོད་རབ་བྱུང་༡༡ནང་དཔའ་རིས་འཇུ་ལག་དུ་བློ་བཟང་དོན་འགྲུབ་ནས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

དགོན་འདི་འདེབས་པ་པོའི་མཚན་ཡོངས་གྲགས་ལ་ཧོར་རབ་འབྱམས་པ་ཟེར། རྒྱལ་དབང་ཆེན་པོའི་བཀའ་ལུང་བཞིན་བཏབ་ཅིང༌། ། ་ལྔ་བའི་ཕར་ཕྱིན་བློ་བཟང་དགོངས་རྒྱན་ཐོག་ནས་འཆད་ཉན་བཙུགས།

 

 

 

༣༠     སྒྲུབ་སྡེ་དགའ་ལྡན་ཆོས་རྫོང་།

སྒྲུབ་སྡེ་དགའ་ལྡན་ཆོས་རྫོང་ནི་སྤྱི་ལོ་༡༣༨༠ལོར་སྲོག་མཁར་རི་རྩེར་ཡུལ་མིས་བཞེངས།ཆོས་རྒྱུད་དགེ་ལུགས་ཡིན།

དགོན་འདི་དང་བཀྲ་ཤིས་ཆོས་གླིང་གཉིས་ཀྱི་དགོན་བདག་སུམ་པས་བྱེད་ཟེར་ཞིང༌། དགོན་འདི་དང་ཐོག་ཡུལ་མི་སྐྱ་སེར་འགས་བྲང་ཁང་བརྩེགས་ཏེ་སུམ་པར་ཕུལ་བ་ལས་ཆགས་རྗེས་སུ་ལུང་མཐིལ་དུ་སྤོར། ཆུ་ཡོས་དུས་འཁྲུག་གིས་གཏོར་བས་བསྐྱར་བཞེངས་བྱས།

 

 

 

༣༡       བཤད་སྒྲུབ་པད་དཀར་གླིང་།

བཤད་སྒྲུབ་པད་དཀར་གླིང་ནི་ལོ་དཀར་རི་ཁྲོད་དུ་ངག་དབང་ཡེ་ཤེས་ནས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

དགོན་པ་འདི་ལ་ཐེག་ཆེན་ཆོས་གླིང་ཡང་ཟེར་སྣང་།འདེབས་པ་པོ་ནི་གོང་མ་དགེ་བཤེས་ངག་དབང་ཡེ་ཤེས་ཟེར་བ་དེ་ཡིན།ལོ་རྒྱུས་གཞན་མ་རྙེད།

 

 

 

༣༢     གཞིས་ལྷ་རབས་རྒྱས་གླིང་།

གཞིས་ལྷ་རབས་རྒྱས་གླིང་ནི་མུན་ཏུན་དུ་འཇམ་དབྱངས་ལྷུབ་གྲུབ་རྒྱ་མཚོས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

དགོན་འདི་སུམ་པ་མཁན་པོས་མེ་རྒན་ཆོས་རྗེའི་ལི་ཀྱ་ས་ཀ་ར་བླ་མས་བཟུང་ཞིང་སྔར་ཐང་རིང་དགོན་གྱི་ལེ་ལག་ཡིན་ཀྱང་དེང་སང་སྒེར་ཚུགས་བཟུང་བས་སེར་དྲིལ་རི་ཁྲོད་ཀྱང་འདིའི་དགོན་ལག་ཡིན་པར་བཤད།

 

 

༣༣       རི་ཁྲོད་བཀྲ་ཤིས་ཆོས་གླིང་།

རི་ཁྲོད་བཀྲ་ཤིས་ཆོས་གླིང་ནི་ཉང་བྲན་གྱི་གདུགས་རིའི་ཡུ་བ་རུ་སེ་ན་པཎ་ཌི་ཏ་བློ་བཟང་སྦྱིན་པས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

དགོན་པ་འདིའི་ཉིང་བྲན་ཞེས་པའི་གདུངས་རིའི་ཡུ་བའི་སྟེང་རི་ཁྲོད་བཏབ་པས་གདུགས་ཡུ་དགོན་ཐོགས།དགོན་འདབས་སུ་ཆོས་རྗེ་འཕྲིན་ལས་དཔལ་བཟང་གིས་བཞེངས་པའི་མཆོད་རྟེན་ཤིན་ཏུ་ཆེ་བ་ཞིིག་ཡོད་ཟེར།བཏབ་ལོ་གསལ་བའི་ཡིག་ཆ་མ་རག

About རྩོམ་སྒྲིག་པ།