ཀོས་ནན་རྫོང་(མང་རྫོང་)ནི་མདོ་དབུས་མཐོ་སྒང་གི་བྱང་ཤར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ཕྱོགས་སུ་ཆགས་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱིའི་ལེ་གྲུ་བཞི་མ་6649.7དང་། མི་གྲངས་ཁྲི་735ཡོད། (2008ལོའི་རྩིས་གྲངས་ཡིན།) སའི་གོ་ལའི་བྱང་གི་འཕྲེད་ཚད་35º09’ནས་36º08’ཀྱི་མཚམས་དང་། ཤར་གྱིི་གཞུང་ཚད་100º13’ནས་100º33’ཀྱི་མཚམས་ན་ཡོད། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད་2.3ºcདང་། ཆར་ཞོད་ཀྱི་ཚད་ཧའོ་སྨི་398ཡིན། སའི་མཐོ་ཚད་ལ་སྙོམས་ཀྱི་སྨི་3000ནས་3500བར་དུ་ཡོད།
བོད་ཀྱི་ས་གཤིས་ཀྱི་ངོས་འཛིན་ལྟར་ན་ས་འཛིན་མཐོན་པོ་ཙོང་ཁའི་སྐྱེ་རིའི་ལྷོ་ཕྱོགས། རྨ་ཀླུང་སྔོན་མོ་གཡས་སུ་འཁྱིལ་བའི་ནང་རོལ། སྲིད་པའི་ལྷ་ཆེན་རྨ་ཆེན་སྦོམ་རའི་མདུན་ཕྱོགས་སུ་གནས་ཡོད་ཅིང་། བོད་ཀྱི་ལོ་རྒྱུས་ལས་བཤད་ན་རྨ་ཆུའི་ལྷོ་རྒྱུད་དུ་གཏོགས།
རྫོང་མི་དམངས་སྲིད་གཞུང་ནི་མང་རའི་གསེར་གཞུང་རིང་མོའི་སྐེད་དང་། ཁྱུང་ཐོད་མདུན་ཀྱི་མང་ཀླུང་སྔོན་མོའི་འགྲམ་ངོགས་ཀྱི་མང་ཆུ་གྲོང་རྡལ་དུ་ཆགས་ཤིང་། དེ་ནས་མཚོ་ལྷོ་ཁུལ་སྲིད་གཞུང་གི་གནས་ཡུལ་ཆབ་ཆ་གྲོང་རྡལ་གྱི་བར་དུ་སྤྱི་ལེ་157ཡོད། རྫོང་འདིའི་ཤར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྩེ་ཁོག་རྫོང་དང་། ལྷོ་མཚོ་ལྷོ་ཁུལ་གྱི་ཐུན་ཏེ་རྫོང་།(འབའ་རྫོང་།) ནུབ་ཞིན་ཧེ་རྫོང་ཆགས་ཡོད། རྫོང་འདིའི་མངའ་ཁོངས་སུ་མང་ཆུ་གྲོང་རྡལ་དང་། མགོ་མང་གྲོང་རྡལ། སུམ་མདོ་ཡུལ་མཚོ། མང་ར་ཡུལ་མཚོ། ཐར་ཤུལ་ཡུལ་མཚོ། བྱ་མདོ་ཡུལ་མཚོ་བཅས་གྲོང་རྡལ་གཉིས་དང་ཡུལ་ཚོ་བཞི། སྡེ་བ་དོན་གསུམ་ཡོད་ཅིང་མང་ཆེ་བ་བོད་རིགས་ཡིན། ས་ཆའི་དབྱིབས་ཤར་ནས་ནུབ་བྱང་དུ་གསེག་ཡོད་ཅིང་ལྷོར་རི་མཐོན་པོ་བསྟར་འབྲེལ་དུ་ཡོད། དབུས་ཁུལ་ནི་ཐང་གཞོངས་ཀྱིས་གྲུབ་ཅིང་ནུབ་བྱང་རྒྱུད་ནི་རྨ་ཆུའི་ལུང་གཞིངས་ས་ཁུལ་ཡིན། རྨ་ཆུ་ནི་རྫོང་འདིའི་ལྷོ་ནུབ་ནས་ནུབ་བྱང་བརྒྱུད་དེ་བྱང་ཤར་དུ་འབབ། རྫོང་འདིའི་མངའ་ཁོངས་སུ་ད་དུང་མང་ཆུ་དང་བྱ་ཆུ་སོགས་ཀྱང་ཡོད།
ཀོས་ནན་རྫོང་(མང་རྫོང་)གི་ས་རྒྱ་ཆེ་ཞིང་རི་ལུང་མཛེས་སྡུག་ལྡན་པའི་ཁར་རིག་གནས་ཀྱི་གཟི་བྱིན་འབར་ལ། གཏེར་སྣ་གང་མང་འཛོམས། ཡུལ་སྲོལ་བབ་་ཆགས་ཡིན་ལ། ཐུན་མོང་མ་ཡིན་པའི་མཐོ་སྒང་གི་རྣམ་པས་ཀྱང་ཁེངས། མདོ་རྩེ་རི་བོ་འཕྲེད་དུ་ཆགས་ཤིང་མང་ཆུ་སྔོན་མོ་ལྷུང་ལྷུང་དུ་འབབ། ཅི་པར་དང་མོ་ཅོག་སོགས་གདོད་མའི་ནགས་ཚལ་ཚང་ཚིང་དུ་འཁྲིགས་ཤིང་། ཨ་མྱེས་བྲག་དཀར་རི་བོའི་དབུ་རྩེ་གངས་ཀྱིས་བརྒྱན་ཡོད་པར་མ་ཟད། ད་དུང་འདིའི་དབུ་རྩེ་དང་ཉེ་སར་ཡོད་པའི་འགོ་གཡུ་མཚོ་ནི་གཡུའི་ཕྲ་ཚོམ་བཏབ་པ་བཞིནལྗང་མེར་རེར་གནས་ཡོད། རྫོང་ཡོངས་སུ་དགོན་སྡེ་ཆེ་ཆུང་བཅོ་བརྒྱད་ཡོད་པ་དང་སྒོས་སུ་ཐར་ཤུལ་དགོན་དང་རྙེ་དགོན་གྱི་སྙན་གྲགས་ཕྱོགས་ཀུན་ཏུ་ཁྱབ། ལྷག་པར་ལོ་རྒྱུས་རིག་གནས་ཀྱི་རྔམས་མཐུག་པའི་རབ་འོག་གི་ཆི་ཀྱཱའི་རིག་གནས་དང་ཁ་འོག་རིག་གནས་ཀྱི་གནའ་ཤུལ་ནི། རྡོ་ཆས་ཞིབ་རྫས་མཚོན་པའི་རྡོ་ཆས་བར་མིའ་དུས་རབས་ཀྱི་རིག་ནས་གནས་ཤུལ་ཡིན་ཞིང་། ད་ལྟའི་བར་དུ་ལོ་ངོ་བདུན་སྟོང་ལྷག་འགོར་ཡོད་པར་བཤད། གནའ་སྔ་མོར་གཉའ་ཁྲིའི་སྔོན་གྱི་རྒྱལ་པོ་ཁྲི་ལ་ཞམ་གྱིས་གནས་འདིར་རྒྱལ་ཁབ་བཙུགས་ནས་སྲིད་དབང་བསྐྱངས་ཤིང་། སྤྱི་ལོ་330ལ་བོད་ཀྱི་རྒྱལ་ཕྲན་འ་ཞའི་སྲིད་དབང་བཙུགས་པ་དང་། མུ་གེ་ཐང་དུ་རྒྱལ་ས་བྱས། སྤྱི་ལོ་670སྲོང་བཙན་སྐབས་ཐད་དཀར་བོད་བཙན་པོས་དབང་དུ་བསྒྱུར། སྤྱི་ལོ་1006 པར་ཙོང་ཁའི་རྒྱལ་པོ་རྒྱལ་སྲས་ལགས་ཀྱི་མངའ་ཁོངས་སུ་གྱུར། ཡོན་དང་མིང་རྒྱལ་རབས་གཉིས་ཀྱི་སྐབས་སུ་ཁྲི་ཀ་སུའོ་ཡི་མངའ་ཁོངས་སུ་གཏོགས་ཤིང་ཆིང་རྒྱལ་རབས་ཀྱི་སྐབས་སུ་ཁྲི་ཀན་ཐིན་གྱི་མངའ་ཁོངས་སུ་གྱུར། ཀྲུང་ཧྭ་མིན་གོའི་སྲིད་ལོ་2པ་སྟེ་191ལོར་ཁྲི་ཀ་ཐིན་དེ་ཁྲི་ཀ་རྫོང་དུ་བསྒྱུར་ཅིང་། ད་ལྟའི་ཀོས་ནན་རྫོང་(མང་རྫོང་)ས་ཁུལ་ནི་ཁྲི་ཀ་རྫོང་གི་ཁོངས་སུ་སྦྱར། 1953ལོའི་ཟླ་7པར་ཀོས་ནན་རྫོང་(མང་རྫོང་)བཙུགས་ཤིང་། ཁྲི་ཀ་རྫོང་གི་རྒྱུད་འབྲོ་ཁུལ་དང་སྐབས་དེའི་ཐུན་ཏེ་རྫོང་(འབའ་རྫོང་)གི་ཀླུ་ཚང་དང་བོན་བརྒྱ་ཚོ་བ། མང་འབའ་བྱ་གསུམ་ཁོངས་གཏོགས་མང་ར་དང་བྱ་མདོ་བཅས་ཀོས་ནན་རྫོང་(མང་རྫོང་གི་)ཁོངས་སུ་གཏོགས་པར་བྱས། ལོ་དེར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ལ་ཀོས་ནན་རྫོང་(མང་རྫོང་)ནི་ཁུལ་གཏོགས་ཀྱི་རྫོང་ལྔའི་གྲས་སུ་བསྡུས།
གནས་འདི་ན་རི་ཆུ་དང་འབྲེལ་བའི་གཏམ་རྒྱུད་ཧ་ཅང་མང་ཞིང་གནས་བོའི་ལོ་རྒྱུས་དང་འབྲེལ་བའི་གཏམ་རྒྱུད་ཀྱང་མང་པོ་ཡོད། ཀོས་ནན་རྫོང་(མང་རྫོང་)གི་རི་ཆུ་རིག་གནས་གསལ་པོར་ཤེས་པ་ལ་རྫོང་གི་ཁོངས་སུ་ཡོད་པའི་ས་གཤིས་ཀྱི་གནས་ཚུལ་གསལ་པོར་ཤེས་དགོས་ཏེ། ས་གཤིས་ཀྱི་དབང་དུ་བྱས་ན་གནས་འདིའི་རི་རྒྱུད་དུ་མ་དང་། ཐང་། མཚེའུ་དང་ཆུ་ཕྲན། ཆུ་ཕྲན། ཆུ་ཚན། ཆུ་མིག། ཉག་ཁ། རྫོང་སོགས་དུ་མ་ཡོད་པ་འདིར་ཅུང་ཟད་རེ་ངོ་སྤྲོད་པར་བྱ་སྟེ།
1རི་རྒྱུད། ཀོས་ནན་རྫོང་(མང་རྫོང་)འདིར་རི་རྒྱུད་བཞི་ཡོད་དེ། འབའ་མང་རའི་དཀྱིལ་སྒང་། མང་བྱའི་དཀྱིལ་སྒང་གི་རི་རྒྱུད། གོ་རའི་རི་རྒྱུད། བྲག་དཀར་རི་རྒྱུད་བཅས་རི་རྒྱུད་བཞི་ཡོད་དེ། འབའ་མང་རའི་དཀྱིལ་སྒང་གི་རིང་ཚད་ལ་སྤྱི་ལེ་112དང་། ཞེང་ཆེ་སར་སྤྱིི་ལེ་6ཟིན། དཀྱིལ་སྒང་དེའི་རྒྱུད་དུ་གྲུ་གུ་ཁྲ་ལོག་སྒང་དང་། ཤ་རྭ་ཝོལ་གྱི་སྒང་། རི་ཆུང་སྒང་། སྐྱ་གཡང་སྒང་། ཁེ་རབ་དཔག་ཆེན་སྒང་། ཤེའུ་སྙིང་སྒང་། རྫ་རྒན་སྒང་། མཐོང་ལྕགས་དང་ནག་གཤར་གོང་ཞོལ། དགའ་ལྡན་ཆོས་རི་བཅས་ལ་རྒྱ་མཚོའི་ངོས་ལས་སྨི་4000ནས་7000ཡོད། དེ་དག་གི་ཁྲོད་དུ་གནས་པའི་རི་ནི་མང་རའི་ཕྱོགས་ན་ཁེ་རབ་དཔག་ཆེན་མཐོན་པོ། མང་སྟོད་ཕྱོགས་ཀྱ་ལྷ་གཉན་བྲག་དཀར་སྤུན་གསུམ། གཡུ་ལོ་བཀོད་པའི་ཞིང་ཁམས་ལ་དངོས་སུ་འགྲན་པའི་སྒེའུ་ལྷ་མོ་སྤུན་གསུམ། གཞན་ཡང་བན་བོན་སྔགས་ཀྱི་བླ་གནས་སྐྱོང་མཁན། ཨ་མྱེས་གླང་ཆེན་འགྱིང་རི་མཐོན་པོ། ཁྱུང་རྒོད་ཡར་སེང་ཐུགས་ཀྱི་སྲས་པོ་ཁྱུང་ཐོད་འཕགས་པ་ཀླུ་སྒྲུབ། སྤྱན་རས་གཟིགས་དབང་ཐུགས་ཀྱི་སྤྲུལ་པ། དགེ་སྙེན་ཕྱིང་དཀར་སྤྲུལ་པའི་ཡང་སྤྲུལ། དངོས་གྲུབ་མཆོག་སྩོལ་དགྲ་ལྷའི་རྒྱལ་པོ། མཐུ་ལྡན་བཙོད་ལུང་དམག་དཔོན། དགོས་འདོད་ཡིད་བཞིན་སྩལ་བའི་དགྲ་ལྷ། འཕྲིན་ལས་མྱུར་མགྱོུགས་གཡུ་རྒོད་གཉེན་པོ། དཀར་ཕྱོགས་སྐྱོང་བ་ཀུན་གྱི་སྡེག་དཔོན། ལྷ་མཆོག་ཆུ་བཟང་རྫ་དཀར་མཐོན་པོ། ནག་ཕྱོགས་བདུད་སྡེ་རྩ་ནས་འཇོམས་མཁན། ལྷ་གཉན་ཆེན་པོ་ཁུའི་ལུང་གཡག་སྙིང་། འདོད་དགུའི་བཞིན་སྩོག་བའི་གཞི་བདག་ཅི་པར་རྫ་རྒན། གནས་གསུམ་ཌ་ཀའི་བྱེ་བའི་རོལ་གནས་མང་རའི་དཔལ་མོ་བརྒྱ་རྩ་བརྒྱད་སོགས་མཐོ་བ་མཚོ་ངོས་ལས་སྨི་4963.4དང་ཞེང་ལ་སྤྱི་ལེ་4དང་། རིང་ཐུང་ལ་སྤྱི་ལེ་20ཟིན། རི་རྩེ་རུ་ཁ་བ་མི་ཞུ་བ་དང་། རྡོ་གཡའ་མའི་རྒྱུན་དུ་གཏོགས།
བྱ་གཞུང་དུ་དཔོན་ཆེན་ཁྲི་ལ་བཞུགས་འདྲའི་གཡའ་སྤང་ནགས་ཀྱི་བཟུང་བའི་ཨ་མྱེ་སྟག་གདོང་། དེའི་བཟུང་ཤར་ལྷོའི་གླ་བ། ག་ཚང་ལུང་པའི་རྒྱུད་རྡོ་ལ་ལྷ་ཆེན་དང་། བྱ་རྒྱལ་ཁྱུང་ཆེན་བབས་པར་གྲགས་པའི་རི་བོ་སྨུག་ནག་ཨ་མྱེ་ཁྱུང་སྨན་ཡོད། དེ་དང་ཐག་ཉེ་བའི་ཤར་ཕྱོགས་སུ་ཡུལ་འདིར་ཆེས་མཐོ་བའི་ཨ་མྱེས་བྲག་དཀར། དེའི་ཟུར་དུ་གསོམ་ཤུག་མང་བའི་མོ་ཅོག་ལུང་པའི་རི་རྒྱུད། ས་དཔྱད་མཁན་གྱིས་ལྷ་གཡག་གྭ་བ་རྭ་རིང་ལ་དཔྱད་པའི་དཀར་མཛེས་རི་རྒན་དང་། དེ་དང་ཉེ་སར་བལ་བོའི་ཡུལ་ནས་བྲོས་བྱོལ་དུ་ཡོང་བའི་གྲགས་པའི་གནས་རི་ཁེར་ཆད་ཨ་མྱེས་བལ་བོ་དང་། ལྕམ་སྔོན་མགོ་གཡུ་ཡི་རལ་པ་ཅན། དེའི་རྒྱབ་ཏུ་རི་བོ་ལེབ་ལེབ་ཀླད་སྤང་གིས་བརྒྱན་ཅིང་། རི་རྔ་ཆུར་ཟུག་སར་ཨ་མྱེས་འབའ་ཚེ། སྤང་དང་བྲག་གིས་བརྒྱན་པའི་ཨ་མྱེས་ཁྲ་ཆེན་དང་། སློབ་དཔོན་ཆེན་པོས་བཀའ་བསྒོས་མཛད་པར་གྲགས་པའི་རང་འཐག་ར་རྫི། དེ་དང་མི་རིང་བའི་ཐང་ཁུག་ཏུ་ཨ་མྱེས་གོ་ར་ཡོད།
ལུང་ཁོག་འདིའི་སྟོད་དུ་ཁྱ་ཆེན་དང་། གླ་བ། ག་ཚང་། ཀོའུ་རྒན་མ་ཞེས་པའིརི་གསུམ་ཡོད་པ་ལ་སྟོད་ཀྱི་ཁྱ་གླ་བ། ག་ཀོའུ་གསུམ་མམ་སྟོད་ཀྱི་བྱ་བ་གསུམ་ཟེར་བ་དང་། སྨད་དུ་ཁྱ་རྫི་དང་། ཨེར་འདབ་ཆགས་ལ་རྒོད། ཁྱུང་གཟུར་ཞེས་པའི་རི་གསུམ་ཡོད་པ་ལ་སྨད་ཀྱི་ཁྱ་རྒོད་ཁྱུང་གསུམ་མམ་སྨད་ཀྱི་བྱ་གསུམ་ཟེར། གཞན་ཡང་མཐོན་པོ་བཅུ་གསུམ་ནི། ཅི་པར་རྫ་རྒན། དགའ་ལྡན་ཆོས་རི། ཅི་པར་ཤེའུ་སྙིང་། ཕོ་གླ་རྒྱ་སྟག ཨ་མ་སྨན་རི། ངོས་རི་བྱ་ཟོར། བེའུ་ལུང་རྫ་རྒྱལ། ནུ་ཡི་སྤང་རི་ཞེས་དང་། ལ་ལས་ཀརྨ་ཀུན་འགྲུབ་དང་། རིན་ཆེན་ཕྱུག་མོ་ཞེས་འདྲེན་པའི་རྩི་སྲོལ་ཡང་མཆིས།①
2ཐང་། མུ་གེ་ཐང་། འབའ་ལག་ཀ་ཐང་། ནུབ་བརྒྱབ་ཐང་། རྡོ་རྐོ་ཐང་། འབྲུ་རྡེའུ་ཐང་སོགས་ཡོད་ཀྱང་དེ་ལས་ལོ་རྒྱུས་ཀྱི་གནའ་ཤུལ་གལ་ཆེན་བཟུང་བ་ནི་མུ་གེ་ཐང་ཡིན། བྱ་སྟོད་ཕུ་ཆུ་ནས་རྒྱ་རིང་བར་མེ་ཏོག་སྣ་ཚོགས་བཞད་པའི་བྱ་སྟོད་སྐེའམ་བྱ་སྟོད་ཐང་། རྒྱ་རིང་དང་མགོ་མང་གཞུང་བཅད་ནས་མདོ་རྩེ་ཆུའི་བར་རྩི་རོག་སྣ་མང་འཁྲུངས་སའི་འབྲུ་རྡེའུ་ཐང་། མདོ་ཆུ་དང་བྱ་ཆུས་བཅད་དེ་མང་ཆུའི་འགྲམ་རྒྱུད་བར་དུ་བྱེ་ཐང་དང་རྩྭ་ཐང་འདྲེས་མའི་མུ་གེ་ཐང་། བྱ་ཆུའི་སྐེད་ཀྱི་ཤར་འགྲམ་ནས་འབའ་ཚེ་རི་རྩའི་བར་ཝ་ཤུར་ཐང་། དེའི་ཐང་རྔ་གོ་ར་ནས་ཚལ་རྔ་འགག་རྨ་ཆའི་ཆུ་མཛོད་བར་གོ་རའི་དཀར་གཞུང་དང་གསེར་གཞུང་གི་ཐང་ཆེ་ཡིན།
3མཚེའུ་དང་ཆུ། ① རྫོང་ཡོངས་ལ་ཆུ་བོ་ཆེ་ཆུང་ལྔ་ཡོད་པ་འདི་ལྟར་སྟེ་ཆུ་བཟང་ཆུ་དང་། ཤེའུ་ལུང་གི་ཆུ། རྟ་ལྗང་གི་ཆུ། ཆུ་མགོ་ཆེ་ཆུང་། མང་སྟོད་ཆུ། བྱ་མདོའི་ཆུ། བདེ་སྐྱིད་ཆུ། པར་གཞུང་ཆ། ཀ་རན་གྱི་ཆུ་བཅས་ཡོད། དེ་ལས་གོ་རའི་ཆུ་དང་། ཀབ་རོན་གྱི་ཆུ། བདེ་སྐྱིད་གསུམ་ལ་སྔོན་ཁྲི་ཀའི་ལྷོ་ཕྱོགས་ཀྱི་ཆད་རྒྱུ་མེད་པའི་ཆུ་གསུམ་དུ་གྲགས། (2) ཆུ་ཚན། བྲག་དཀར་ཆུ་ཚན། བདེ་སྐྱིད་ཆུ་ཚན། རབ་རྒན་ཆུ་ཚན། (3)མཚོ་དང་མཚེའུ། འགོ་བ་གཡུ་མཚོ། བྲག་དཀར་གཡུ་མཚོ། རབ་རྒན་མཚོ་རུག་གསུམ་ཡོད།
(4)ཆུ་མིག ཆུ་མདོག་ཁྱ་ལྡང་། དཀར་མོ་གཡས་འཁྱིལ།
4.ཉག་ག ཀོས་ནན་རྫོང་(མང་རྫོང་)འདིར་ཉག་ག་མང་དུ་ཡོད་ཅིང་མང་ཆེ་གནའ་བོའི་བགྲོད་ལམ་ཡིན་ཏེ་དེ་ལས་གྲགས་ཆེ་བ་ནི་རྡོ་ལའི་ཉག་ག སྟག་གདོང་ཉག་ག མདོ་རྩེ་ཉག་ག གཞུ་ཤུགས་ཉག་ག གློ་རྡོལ་ཉག་ག ཆུ་བཟང་ཉག་ག་བཅས་ཡིན།
5.རྫོང་། ཅི་པར་གསེར་སྨུག་རྫོང་ལ་ནང་ཁུལ་དུ་རི་དྭགས་གཅན་གཟན། སྨན་ཏོག་དང་ཤུག་པ་བཅས་གང་སར་ཁྱབ་ཅིང་། ད་དུང་སྟོག་སེང་ཁྱུང་འབྲུག་གི་རྫ་རི་བཞི་དང་ ཅི་པར་རྫ་རྒན་རྣ་ཡི་རྫོང་། ཤ་རྫོང་ཤ་བ་དཀར་པོའི་རྫོང་། རིན་ཆེན་ཕྱུག་མོ་ཤུག་པའི་རྫོང་། རྒྱ་སྟག་དམར་པོ་སྟག་གི་རྫོང་། ཕོ་ལ་སྟག་རི་གླ་ཡི་རྫོང་། ཨ་མ་སྨན་རི་སྨན་གྱི་རྫོང་། ངོས་རི་བྱ་ཟོར་དོམ་གྱི་རྫོང་། བར་ལུང་རྫ་རྒྱལ་འབྲོང་གི་རྫོང་ཞེས་རྫོང་ཆུང་བརྒྱད། ཕོ་གླ་སྟག་རྒྱ་སྟག་གི་རྫ། ཅི་པར་རྫ་རྒན་སེང་གི་རྫ། ཁུ་ལུང་གཡག་སྙིང་ཁྱུང་གི་རྫ། དགའ་ལྡན་ཆོས་རི་འབྲུག་གི་རྫ་ཞེས་སྟག་སེང་ཁྱུང་འབྲུག་གི་རྫ་རི་བཞི་ཟེར།
ཀོས་ནན་རྫོང་(མང་རྫོང་)ན་གླིང་གེ་སར་གྱི་ངག་རྒྱུན་མང་ཡང་པོ་ཡོད་དེ། ས་འདི་ནི་གླིང་གེ་སར་རྒྱལ་པོ་དང་གླིང་གི་དཔའ་རྟུལ་དག་གི་ཕེབས་ལམ་ཡིན་པ་ཙམ་དུ་མ་ཟད། ཅི་པར་གསེར་སྨུག་རྫོང་ནི་རྒྱ་ཚའི་ཕྱག་ན་རྡོ་རྗེའི་གྲི་རྫོང་། དཀར་མོ་གཡས་འཁྱིལ་དུང་དཀར་ཉི་མའི་རྫོང་ནི་འབྲུ་དགའ་སྡེ་ཆོས་སྐྱོང་བེར་ནག་གི་ཤེས་རབ་རྫོང་། ཁུ་སྒྱོའུ་ཁུ་བྱུག་སྔོན་མོའི་རྫོང་ནི་སྟག་རོང་ཨ་ནུ་གཟིག་འཕེན་གྱི་ཞགས་རྫོང་། ཚལ་རྔ་འབྲུག་འཁྱིལ་རྫོང་ནི་ཚ་ཞང་འདན་མ་ཞང་ཁྲའི་མདའ་རྫོང་ཡིན་ཟེར་ཞིང་། མང་རའི་ས་ཆ་འདི་གླིང་རྫེ་དང་གླིང་གི་དཔའ་རྟུལ་དག་གི་ཕེབས་ལམ་དུ་ཟད། ཅི་པར་གསེར་སྨུག་རྫོང་དང་། དཀར་མོ་གཡས་འཁྱིལ་དུང་དཀར་ཉི་མའི་རྫོང་། ཁུ་སྒྱོའུ་ཁུ་བྱུག་སྔོན་མོའི་རྫོང་། རབ་རྒན་འགག་སྒོ་གཡང་གི་རྫོང་བཅས་ནི་གླིང་གི་བཙན་རྫོང་དང་རྨ་ཆུར་བརྒལ་བའི་རབ་ཁ་ཡིན་ཟེར། གཞན་མགོ་མང་དུ་མདོ་རྩེ་ཤྭ་རྫོང་དང་སྔོན་མོ་རྫོང་། སྟག་མོའི་རྫོང་། སྤེལ་རྟ་རྫོང་སོགས་རྫོང་དུ་མ་ཡོད་དོ།།