ཏིན་ཞའོ་ཕིན་གྱི་གྲིབ་གཟུགས་འོག་གི་མི་རབས་གསུམ་པའི་མགོ་ཁྲིད་ཅང་ཙེ་མིན།

ཅང་ཙེ་མིན་ནི་༡༩༢༦ ཟླ་༨ ཚེས་༡༧ ཉིན་ཅང་སུའུ་དབྱང་ཀྲོའུ་རུ་སྐྱེས་ཤིང༌། ཕ་རྒན་གྱིས་གོ་མིན་ཏང་གི་དྲིལ་བསྒྲགས་བློན་ཆེན་གཞོན་པའི་གོ་གནས་བཟུང་མྱོང་ཡོད། ༡༩༤༦ ལོར་ཏང་ནང་ཞུགས་པ་དང་། ལོ་དེར་ཧྲང་ཧེ་འགྲིམ་འགྲུལ་སློབ་གྲྭ་ཆེན་མོའི་གློག་འཕྲུལ་སྡེ་ཚན་དུ་ཚུད་དེ་ཕྱི་ལོར་མཐར་ཕྱིན། སྔ་རྗེས་སུ་བཟའ་བཅའ་དང༌། འདག་རྫས། གློག་ཆས། རླངས་འཁོར་བཟོ་གྲྭ་སོགས་སུ་བཟོ་སྐྲུན་ལག་རྩལ་མི་སྣའི་འགན་ཁུར་བ་དང༌། ༡༩༥༤ལོར་སུའུ་ལན་དུ་ལོ་གཅིག་རིང་རླངས་འཁོར་བཟོ་སྐྲུན་གྱི་སློབ་སྦྱོང་བྱས་ཏེ་ཕྱིར་འཁོར་རྗེས། ཁྲང་ཁྲུན་རླངས་འཁོར་བཟོ་གྲྭ་དང་པོའི་ཡན་ལག་ཅིག་གི་འགན་འཛིན་དང༌། ༡༩༦༢ ལོར་འཕྲུལ་ཆས་བཟོ་གྲྭ་དང་པོའི་ཁོངས་གཏོགས་ཀྱི་གློག་ཆས་ཞིབ་འཇུག་ཁང་གི་འགན་འཛིན་གཞོན་པ། ༡༩༧༠ ལོར་པེ་ཅིང་འཕྲུལ་ཆས་བཟོ་གྲ་དང་པོའི་ཕྱི་དོན་སྡེ་ཚན་གྱི་འགན་འཛིན་གཞོན་པ། ༡༩༧༩ ལོར་ཕྱི་རྒྱལ་མ་འཛུགས་དོ་དམ་ལྷན་ཁང་གི་འགན་འཛིན་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་སོགས་ཀྱི་འགན་བླངས།༡༩༨༠ ལོར་ཕྱིར་ཚོང་ནང་འདྲེན་དང་ཕྱི་རྒྱལ་མ་འཛུགས་ལྷན་ཁང་གི་འགན་འཛིན་གཞོན་པར་གནས་སྤར་བྱས།༡༩༨༢ ལོར་གློག་རྡུལ་བཟོ་ལས་པུའུ་ཡི་འགན་འཛིན་གཞོན་པ་དང་འགན་འཛིན། ཧྲུའུ་ཅི་གཞོན་པ་དང་ཧྲུའུ་ཅིའི་གོ་གནས་བཟུང༌། ༡༩༨༥ ལོར་ཧྲང་ཧེ་གྲོང་ཁྱེར་སྤྱི་ཁྱབ་ཏུ་བསྐོས་པ་དང་། ༡༩༨༦ ལོར་ཧྲུའུ་ཅིར་བསྐོས། ༡༩༨༧

ལོར་དབུས་ཆབ་སྲིད་ཅུས་ནང་སླེབས།

༡༩༨༩ ལོར་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་མ་བྱུང་གོང༌། ཧྲང་ཧེ་རུ་སློབ་མའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན་ཚགས་པར་ལ་གནོན་སྡོམ་བྱས་ཏེ། ཏིན་ཞའོ་ཕིན་གྱི་བློར་བབས་པས། མཆོངས་ཐེངས་གཅིག་གིས་ཏང་དང་རྒྱབ་ཁབ་ཀྱི་མགོ་ཁྲིད་མཐོ་ཤོས་ཆགས་པ་དང༌། ་མི་རབས་གསུམ་པའི་མགོ་ཁྲིད་སྲོག་ཤིང་”གི་ལེ་ཚན་ཁ་ཕྱེས།

ཀ༽ མི་རབས་གསུམ་པའི་མགོ་ཁྲིད་སྲོག་ཤིང་།

ཅང་ཙེ་མིན་ཐོག་མར་པེ་ཅིང་དུ་གནས་སྤོས་བྱེད་སྐབས། ཁྲིན་ཡུན་གྱིས་མཐའ་གཅིག་ཏུ་དམིགས་འཛུགས་རྒྱབ་སྐྱོར་བྱས་པ་དང་། རྒྱ་ནག་ཉམས་ཞིབ་པ་མང་དག་ཅིག་གིས་འདི་བ་བར་བརྒལ་གྱི་མི་སྣ་ཞིག་ལས། གོ་གནས་ཡུན་རིང་ཉར་ཐུབ་པའི་ཚོད་དཔག་བྱེད་མཁན་ཧ་ལམ་བྱུང་མེད། ཐོག་མའི་ཆར་ཁོ་རང་ཡང་ང་དཔོན་རིགས་མཐོ་གྲས་སྡོད་ཡུལ་ཀྲུང་ནན་ཧེ་རུ་དུས་ཡུན་གང་འཚམ་རིང་སྤོས་མེད་པ་དང༌། ཨ་རིར་སློབ་གཉེར་བྱེད་བཞིན་པའི་བུ་ལ་སློབ་སྦྱོང་མཐར་སོན་རྗེས་ཨ་རི་རང་དུ་ལས་ཀ་འཚོལ་ཐབས་བྱེད་དགོས་པའི་ཁ་ཏ་བྱས་པ་སོགས་པེ་ཅིན་དུ་མིག་བཙུམ་ནས་སླེབས་པ་ལས། རང་གི་མདུན་ལམ་ལ་གདེང་འཁེལ་བ་གང་ཡང་ཡོད་ཚོད་མི་འདུག པེ་ཅིང་མཁར་དུ་རྒྱ་གུང་ཁྲན་གྱི་ལམ་སྲོལ་དུ་གལ་ཆེར་བརྩི་བའི་བསླབ་པ་རྒན་རིམ་དང༌།

ཉམས་མྱོང་། དབང་ཆའི་ཕྱོགས་གཏོགས་སོགས་གང་གི་ཐད་ནས་ཀྱང་མཐུན་རྐྱེན་འཛོམས་མེད་པའི་མི་འདིས་༡༩༨༩ ནས་༢༠༠༢ བར་རིམ་པས་ཁ་གཏད་དུ་ལངས་མཁན་རེ་རེ་བཞིན་ཚར་བཅད་དེ། ལོ་ངོ་བཅུ་གསུམ་རིང་རྒྱ་ནག་གི་དབང་ཆ་བཟུང་བ་དང༌། ལི་ཕིན་དང་ཀྲུའུ་རུང་ཅི་གཉིས་ཀྱི་སྔ་རྗེས་སྲིད་བློན་སྐབས་གསུམ་གྱི་ལས་ཡུན་ནང་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་གཏོང་ཐུབ་ཡོད་པ་དང་། ཧོང་ཀོང་དང་ཨའོ་མིན་གཉིས་རྒྱ་ནག་གིས་རྩིས་ལེན། རྒྱ་ནག་དེ་འཛམ་གླིང་ཚོང་དོན་སྒྲིག་འཛུགས་(wTo)སུ་ཚུད་པ་སོགས་བྱས་རྗེས་སུ་བགྲང་བ་དང་། གཡོན་ཐལ་གྱི་ཁ་དབང་དུ་སོང་ནས་བོད་དང་གྲངས་ཉུང་མི་རིགས་ཀྱི་སྲིད་ཇུས་མཁྲེགས་སྡོམ། ཧྥ་ལུན་ཀོང་གི་རྗེས་འཇུག་ཚོར་དྲག་གནོན། དཔོན་རིགས་ཀྱི་ལྐོག་ཟ་རུལ་སུངས་རྒྱ་ཡན། འགྲོ་བ་མིའི་ཐོབ་ཐང་དང་།

ཆབ་སྲིད་རང་དབང་ཐད་མགོ་འཇོམས་བྱས་པ་སོགས་ལ་མཚང་འདོན་སྐྱོན་གླེང་བྱེད་བཞིན་ཡོད།

༡) ཅང་ཙེ་མིན་གྱི་བཅོས་བསྒྱུར་གསུམ།

ཤེས་ཡོན་དང་སྡོད་ཁང༌། སྨན་བཅོས་གསུམ་ནི་མང་ཚོགས་དཀྱུས་མའི་ཉིན་རེའི་འཚོ་གནས་ལ་ཐད་ཀར་འབྲེལ་བའི་གནད་དོན་ཞིག་ཡིན་པ་དང་། ༡། ཅང་ཙེ་མིན་གྱིས་༡༩༩༤ ལོ་ནས་བཟུང་མཐོ་རིམ་སློབ་གྲྭ་ཁག་ཏུ་རྒྱ་གཞུང་གིས་སློབ་ཡོན་སྤྲོད་སྦྱོར་བྱེད་པའི་སྲིད་ཇུས་ལ་འགྱུར་བ་བཏང་སྟེ། སློབ་མ་རང་ངོས་ནས་སློབ་ཡོན་(གང་ཙམ་ཞིག)འབུལ་དགོས་པ་བཟོས་པས། དབུལ་པོའི་ཕྲུ་གུ་མང་དག་ཅིག་མཐོ་སློབ་ཀྱི་སློབ་རའི་ཕྱིར་ཕུད་ཡོད། ༡༩༩༢ ལོར་མཐོ་སློབ་ཀྱི་དངོས་གཞི་སློབ་མ་ཞིག་གི་ལོ་ཧྲིལ་པོའི་སློབ་ཡོན་རྒྱ་སྒོར་༣༠༠།༤༠༠ ཙམ་དང་། དེའི་སྟེང་རྩག་རྩིག་འགྲོ་སོང་བསྡོམས་པས་རྒྱ་སྒོར་༢༠༠༠།༢༠༠༠ཙམ་གྱིས་འདང་གི་ཡོད་ཀྱང་། ༢༠༠༦ ལོར་ལོ་གཅིག་གི་སློབ་ཡོན་༥༠༠༠།༠༠༠༠ ཡན་ཟིན་པ་དང་། དེའི་སྟེང་རྩག་རྩིག་བསྣན་པས་ཉུང་མཐར་ཡང་རྒྱ་སྒོར་ཆིག་ཁྲི་ཙམ་གནས་ཀྱི་ཡོད། ༢། ༡༩༩༨ལོ་ནས་བཟུང་སྡོད་ཁང་བགོ་འགྲེམས་ཀྱི་ལམ་

སྲོལ་བསྒྱུར་ཏེ། མི་སོ་སོས་རང་ཉིད་ཀྱི་འབྱོར་འཁོས་ལ་གཞིགས་པའི་“ཚོང་ཟོག་ཁང་པ་”ཉོ་དགོས་པར་བཟོས། ༢། དེ་སྔ་གཞུང་གིས་སྨན་གཏུགས་ཀྱི་འགྲོ་གྲོན་སྤྲོད་སྦྱོར་བྱེད་པ་དེ་ལས་བཟོ་བ་རང་ཉིད་ཀྱིས་(གང་ཙམ་ཞིག)འགན་ལེན་བྱེད་དགོས་པ་བཟོས་པས། “དངུལ་དགོས་པ་ལས་མིའི་སྲོག་ལ་མི་བལྟ་བའི་སྨན་བཅོས་ཀྱི་ཡ་ང་བའི་གནས་སྟངས་རྒྱུན་མར་བྱུང་ཡོད། ༢༠༠༥ལོའི་ཟླ་༧ ནང་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ཁང་གིས་སྙན་ཐོ་ཞིག་བཏོན་པའི་ནང་། སྨན་བཅོས་ཚོང་ལས་ཅན་དང་ཁྲོམ་ར་ཅན་དུ་བསྒྱུར་བའི་ཉེར་ལེན་ལས་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་བཅོས་བསྒྱུར་གྱི་སྲིད་ཇུས་དེ་གཞི་རྩའི་སྟེང་ལམ་ལྷོངས་བྱུང་མེད་པའི་སྡོམ་ཚིག་བརྒྱབ་ཡོད་པ་དང༌། དེའི་རྗེས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྙན་ཐོའི་ནང་དུའང་།

རྒྱ་ནག་དེ་སྨན་བཅོས་འཕྲོད་བསྟེན་དྲང་སྙོམས་ཐད་འཛམ་གླིང་གི་ཆེས་མཐའ་མའི་ཨང་རིམ་བཞི་བ་ཡིན་པའི་ཐག་བཅད་ཡོད། དེར་བརྟེན། རྒྱ་ནག་གི་ཁ་རྒྱག་ཏུ། སྡོད་ཁང་བཅོས་བསྒྱུར་གྱིས་ཁྱོད་རང་གི་དངུལ་ཁུག་སྟོང་པ་བཟོས། སློབ་གསོ་བཅོས་བསྒྱུར་གྱིས་རྒན་རྒོན་གཉིས་མནར་ནས་སྨྱོས། སྨན་གཏུགས་བཅོས་བསྒྱུར་གྱིས་ཚེ་ཚད་སྔ་སྣུར་བྱས་ཞེས་ཤོད་རྒྱུན་ཆགས་ཡོད།

༢) སྲས་སྲོས་ཚོགས་པ་དང་ལྐོག་ཟ་རུལ་སུངས།

བཅོས་བསྒྱུར་སྒོ་འབྱེད་ཀྱི་ཚ་རླབས་ཁྲོད། རྒྱ་ནག་ཏུ་ལྐོག་ཟ་རུལ་སུངས་ཀྱི་དར་སོ་སྔར་མ་གྲགས་པ་ཞིག་བྱུང་ཡོད་པ་དང༌། ཏིན་གྱི་འདོད་པ་བཞིན་མི་སྐོར་ཞིག་སྔོན་ལ་ཕྱུག་པོ་ཆགས་སུ་ཆུག་ཟེར་བའི་ནང་རྒྱ་ནག་གི་ཕྱུག་པོའི་བརྒྱ་ཆ་དགུ་བཅུ་ཙམ་ནི་དཔོན་རིགས་མཐོ་གྲས་ཀྱི་སྲས་སྲོས་ཚོ་ཆགས་ཡོད། དཔོན་རིགས་ཚོས་ཐད་ཀར་གཞུང་དངུལ་ཧམ་ཁྱེར་བྱེད་པ་མ་ཟད། “ལྕམ་མོའི་ཤོག་ཁག་་ཟེར་བ་ཞིག་ཀྱང་དར་ཏེ། དཔོན་རིགས་ཚོའི་ལྷ་ལྕམ་ཚོས་ལྐོག་རྔན་སྤྲོད་ལེན་གྱི་ཟམ་པའི་ཚུལ་དུ་ནུས་པ་འདོན་པ་དང་། སྲས་སྲོས་རྣམས་གཞུང་གི་ལས་གནས་གལ་ཆེན་དུ་འཇོག་པའམ། ཚོང་ལས་བྱེད་དུ་བཅུག་ཡོད།

༢)   སྲས་སྲོས་ཕྱུག་པོ་དེ་དག་གི་ཁྲོད

། དུས་རིམ་གྱི་ཆ་ནས་བགར་ཚེ། ཐོག་མའི་ཆར་རྒྱ་ནག་གི་གསར་བརྗེ་རྒན་རབས་པ་བརྒྱད་ཀྱི་གྲས་ཏིན་ཞའོ་ཕིན་དང་ཁྲིན་ཡུན། ཝང་ཀྲིན་གསུམ་གྱི་ཁྱིམ་རྒྱུད་ཕྱུག་པོ་ཆགས་ཡོད་པ་དང༌། དེ་ཡང་ལོ་རབས་དགུ་བཅུ་བའི་མགོ་སྟོད་དུ་ཏིན་གྱི་བུ་ཏིན་ཕུའུ་ཧྥང་སོགས་ཀྱིས་“ས་ཆ་བཅད་བཟུང་བྱས་ཏེ་འབྱོར་བ་རྒྱས་པ་དང་། དེང་གི་ཆར་ཅང་ཙེ་མིན་གྱི་བུ་ཅང་མེན་ཧིན་གཙོ་བྱས་པའི་སྲས་སྲོས་ཚོས་ཆ་འཕྲིན་ཚན་རྩལ་ལས་རིགས་ཐད་“འདུ་འགོད་རྒྱ་ཆེར་བྱེད་བཞིན་ཡོད་འདུགརྒྱ་ནག་གི་སྲིད་བློན་ཟུར་པ་ལི་ཕིན་ནི་ལྷ་ས་དང་པེ་ཅིང་དུ་དྲག་གནོན་དང་དྲག་པོའི་ཁྲིམས་གཞི་སྡོམ་མཁན་སྲིད་བློན་ལས་ཐོག་པ་ཡིན་པས། རྒྱ་རིགས་ཚོས་“ལག་དམར་ལི་ཕིན་ཞེས་འབོད་ཅིང་། ཁྱིམ་རྒྱུད་ཀྱི་ཟ་ཧམ་ང་ཙེ་མིན་ལས་ཞན་པ་གང་ཡང་མེད།©️ དྲ་རྒྱ་ཞིག་ཏུ་༢༠༠༥ ལོའི་རྒྱ་ནག་གི་དཔོན་རིགས་ཚོའི་སྲས་སྲོས་༤༥༠ ཙམ་གྱི་ཞི་དྲག་གོ་གནས་དང༌། ཁེ་ལས་སོགས་ཀྱི་གནས་སྟངས་བཀོད་འདུག་ཅིང་། དེའི་ནང་ས་དབང་ང་ཕོད་ཀྱི་སྲས་སྲོས་ཚོའང་ཚུད་ཤག

༣) ཡོན་ཧྭ་གྱོད་གཞི།

ཡོན་ཧྭ་ཚོགས་ཁག་ཅེས་པ་ནི་ཞ་མིན་གྲོང་ཁྱེར་གྱི་ཁེ་ལས་ཤིག་གི་མིང་ཡིན་ཞིང༌། ཚོགས་ཁག་འདིའི་འགན་ཁུར་བ་ལའེ་ཁྲང་ཞིན་ཟེར་བ་ནི་སློབ་ཆུང་ཡང་མཐར་ཕྱིན་མེད་པའི་ཞིང་པ་ཞིག་ཡིན་ལ། ཚོང་ལས་རྩག་རྩིག་ནས་མགོ་ཚུགས་པ་དང༌།༡༩༩༤ ལོར་ཡོན་ཧྭ་ཚོགས་ཁག་བཙུགས་ཏེ། སྣུམ་རིགས་དང་། ཐ་མག རླངས་འཁོར། ཕྱི་ལུགས་སྨན་རྒྱུ་དང་། རྫས་འགྱུར་བཟོ་ལས་ཀྱི་རྒྱུ་ཆ་སོགས་ནག་ཚོང་བརྒྱབ་པའི་རིན་འབབ་རྒྱ་སྒོར་དུང་ཕྱུར་༢༢༠ དང༌། ཁྲལ་འབབ་གཡོལ་སྐུང་བྱས་པ་རྒྱ་སྒོར་དུང་ཕྱུར་༢༠༠ ལྷག་བྱུང་ཡོད། གྱོད་གཞི་འདིའི་ནང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་དང་། དམངས་འཐུས་ཚོགས་གཞོན། རྒྱལ་དོན་ཨུ་ཡོན། རྒྱལ་སྲུང་བློན་ཆེན་ནས། ཧྥུའུ་ཅན་ཞིང་ཆེན་གྱི་ཧྲུའུ་ཅི་དང༌། སྤྱི་བདེ་ཐིན་ཀྲང་གཞོན་པ། ཞ་མིན་སྒོ་ཁྲལ་ལས་ཁུངས་ཀྱི་སྤྱི་ཁྱབ་སོགས་མི་ཆིག་སྟོང་ཉེ་བ་ཞིག་ཐེ་ཞུགས་བྱས་ཡོད། ༡༩༩༩ ལོར་རྒྱ་ནག་སྤྱི་ཁྱབ་སྒོ་ཁྲལ་ལས་ཁུངས་ལ་མི་ཞིག་གིས་གྱོད་གཞི་དེའི་སྐོར་གྱི་གནས་ཚུལ་ཤོག་ངོས་༧༤ ཡོད་པ་ཞིག་བསྐུར་བ་དང་། ༢༠༠༠ ལོར་རྒྱ་གཞུང་གིས་༤།༢༠ ཆེད་དོན་ཞིབ་འཇུག་ཚོགས་ཆུང་བཙུགས་ཏེ། མི་༦༠༠ ལྷག་ལ་ཞིབ་བཤེར་བྱས་པ་དང་། མི་༣༠༠ ཉེ་

བར་ཁྲིམས་ཆད་བཅད།

གྱོད་གཞིའི་དེའི་བྱེད་གཏེ་ལའེ་ཁྲང་ཞིན་ལོ་དེའི་ཟླ་༨ནང་ཨའོ་མིན་དུ་བྲོས་པ་དང༌། དེང་སང་ཁེ་ན་ཊར་སྐྱབས་བཅོལ་ཞུ་རྒྱུའི་ཁྲིམས་གཏུ གས་བྱེ ད་བཞི ན་ཡོད།

༣  བོད་དང་ཙང་ཙེ་མིན།།

ལྷ་སའི་གྱེན་ལངས་སྔ་རྗེས་དྲག་གནོན་བྱས་པ་དང་། ༧པཎ་ཆེན་སྐུ་གོང་མ་གཤེགས་པ་བཅས་ཀྱིས། ལོ་རབས་དགུ་བཅུ་བའི་མགོ་སྟོད་ནས་བཟུང་། བོད་འདིར་ཡུད་ཙམ་གྱི་དབུགས་ངལ་གསོ་བའི་བར་གསེང་དེ་ཧྲིལ་གྱིས་རྫོགས་ཤིང་། ཕྱོགས་ཡོངས་ནས་གནོན་སྡོམ་གྱི་སྲིད་ཇུས་སྤེལ་མགོ་ཚུགས། ༡༩༩༤ ལོར་འཚོགས་པའི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་ཟེར་བའི་སྟེང་། དཔལ་འབྱོར་གྱི་རོགས་སྐྱོར་རྣམ་གྲངས་ཁ་ཤས་ཤིག་བཏོན་པ་དང་མཉམ་དུ། ལས་དོན་གྱི་གཙོ་གནད་དེ་“ཏཱ་ལའི་རུ་ཚོགས་ལ་ངོ་རྒོལ་དང༌། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་ཐོག་ལ་བསྒྱུར་བ་དང་། ཏཱ་ལའི་རུ་ཚོགས་དང་ང་ཚོའི་དབར་གྱི་འཐབ་རྩོད་ནི་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་ཅིག་ཡིན་ཅིས་ཐག་བཅད། བཙན་བྱོལ་བོད་གཞུང་དང་

པེ་ཅིན་དབར་གྱི་འབྲེལ་ལམ་ཡང་མཚམས་ཆད། ༡༩༩༧ ཨ་རིའི་སྲིད་འཛིན་དང་མཇལ་འཕྲད་སྐབས། ཅང་ཙེ་མིན་གྱིས།ཏཱ་ལའི་བླ་མས་དོན་ངོ་མའི་ཐོག་ནས་མེ་རྒྱལ་ཁ་བྲལ་གྱི་ལངས་ཕྱོགས་དོར་ཏེ། མེས་རྒྱལ་ཁ་བྲལ་གྱི་བྱ་འགུལ་མཚམས་འཇོག་དང༌། ཡོངས་བསྒྲགས་ཀྱིས་བོད་ནི་རྒྱ་ནག་གི་ཁ་འབྲལ་དུ་མེད་པའི་ཆ་ཤས་ཤིག་ཡིན་པའི་ངོས་ལེན་དང་། ཐའེ་ཝན་ནི་རྒྱ་ནག་གི་ཁ་འབྲལ་དུ་མེད་པའི་ཆ་ཤས་ཤིག་ཡིན་པའི་ངོས་ལེན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་རྒྱ་ནག་རྒྱལ་ཡོངས་ཀྱི་ཚབ་བྱེད་མཁན་ཁྲིམས་མཐུན་གྱི་སྲིད་གཞུང་ཉག་ཅིག་ཡིན་པའི་ངོས་ལེན་བྱས་ཚེ། ཏཱ་ལའི་བླ་མ་སྐུ་སྒེར་གྱི་མདུན་ལམ་ཐད་འབྲེལ་གཏུགས་གྲོས་བསྡུར་བྱས་ཆོག་ཅེས་གྲོས་མོལ་ལ་སྔོན་འགྲོའི་ཆ་འི་ཆ་རྐྱེན་བཏོན་ཡོད།

༥༽ ཧྥ་ལུན་ཀོང་དྲག་གནོན།

ཧྥ་ལུན་ཀོང་ཞེས་པ་ནི་རྒྱ་རིགས་ལི་ཧོང་ཀྲི་ཟེར་བས་༡༩༩༢ ལོ་བཙུགས་པ་ཞིག་ཡིན་ལ། ལུས་སྦྱོང་གཙོ་ཆེར་བྱེད་པ་དང་། ་བདེན་པ་དང་། དགེ་བ། བཟོད་པ་མི་ཚེའི་སྙིང་པོར་ལེན་དགོས་པའི་བསླབ་སྟོན་བྱེད། ཚོགས་པ་དེར་མ་ཞུགས་གོང་། དགེ་རྒན་གྱིས་སློབ་མའི་གསུས་ཁྱིམ་དུ་ཆོས་འཁོར་གྱི་རྟགས་ཤིག་འདེབས་པས། ཧྥ་ལུན་ཀོང་ཞེས་པའི་མིང་ཐོགས།

རྒྱ་གཞུང་གིས་ཐོག་མའི་ཆར་ཚོགས་པ་འདི་ལུས་རྩལ་གྱི་ཆ་ཤས་ཤིག་ཏུ་བཞག་སྟེ་སྐུལ་སློང་བྱས་འདུག་ཀྱང་། རིམ་པས་ཚོགས་ཞུགས་པ་བྱེ་བ་བདུན་ནས་དུང་ཕྱུར་གཅིག་བར་ལྡབ་འཕར་གྱིས། དམར་ཤོག་ཚོགས་མི་བྱེ་བ་དྲུག་ལས་ཀྱང་ཆེས་ཆེར་བརྒལ་སྟབས།

རྒྱ་གཞུང་ལ་དངངས་སྐྲག་བསླངས་ཡོད།

 

༡༩༩༦ལོ་ནས་བཟུང་རྒྱ་གཞུང་གིས་ཧྥ་ལུན་ཀོང་ཚོད་འཛིན་གྱི་བྱེད་ཐབས་སྤེལ་ཡོད་པ་དང༌། ༡༩༩༩ ལོར་ཧྥ་ལུན་ཀོང་ལ་སྐྱོན་བརྗོད་བྱེད་མཁན་ཧོ་ཙོ་ཤིའུ་ཟེར་བའི་མཁས་པ་ཞིག་གིས་ཐེན་ཅིན་གྱི་དུས་དེབ་ཅིག་ཏུ་ཡང་བསྐྱར་རྩོམ་ཡིག་ཅིག་སྤེལ་སྟབས། སློབ་མ་སྟོང་ཕྲག་ཁ་ཤས་རྩོམ་སྒྲིག་ཁང་ལ་ཕྱིན་ནས་གནས་ལུགས་སྦྱངས་བཤད་བྱས་པར། རྒྱ་གཞུང་གིས་མི་༤༥ ཙམ་བཟུང་། གནས་ཚུལ་དེ་ཐོན་རྗེས། ཟླ་༤ ཚེས་༢༥ ཉིན། ཧྥ་ལུན་ཀོང་གི་རྗེས་འཇུག་པ་ཁྲི་ལྷག་གནམ་བདེ་སྒོ་མོ་ཆེར་འཛོམས་ཏེ། ཉིན་ཧྲིལ་པོའི་རིང་ཐེན་ཅིན་གྱི་མི་དེ་དག་གློད་དགོས་པའི་ངོ་རྒོལ་བྱས།

ཟླ་༦ ཚེས་༡༠ ཉིན། དབུས་དམར་ཤོག་ཚོགས་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐུན་མོང་ན ང་ལ་ཞིབ་

འཇུག་ཚོགས་ཆུང་ཞིག་བཙུགས་པ་དང་། ཟླ་༧ ཚེས་༢༠ ཉིན། རྒྱ་གཞུང་གིས་ཧྥ་ལུན་ཀོང་གིས་རྒྱབ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་འགོག་རྐྱེན་བཟོ་གི་ཡོད་ཚུལ་དང༌། ཁྲིམས་མཐུན་འཛུགས་ཤིག་ཡིན་ཚུལ་བསྒྲགས། ཟླ་༩ ནང་། ཧྥ་ལུན་ཀོང་གིས་ནད་ལ་སྨན་ཟ་མི་དགོས་པ་དང་།

༡༩༩༨།༦ ཧྥ་ལུན་ཀོང་རྗེས་འཇུག་ཚོས་མང་ཚོགས་ཉིན་རེའི་ཚགས་པར་གྱི་ཁང་རྩེག་མདུན་དུ་ངོ་རྒོལ། ལུས་སྦྱོང་གིས་བདེ་བ་ཅན་འགྲོ་ཐུབ་ཚུལ་བཤད་དེ་མི་སྟོང་ཕྲག་ལྷག་འཆི་རྐྱེན་བཟོས་ལུགས་རྒྱུ་མཚན་དུ་བགྲང་སྟེ། ལོག་ཆོས་ཀྱི་སྒྲིག་འཛུགས་ཤིག་ཡིན་པའི་སྡོམ་ཚིག་བཀོད།

རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་སྙན་ཐོའི་ནང་། ཧྥ་ལུན་ཀོང་གི་རྗེས་འཇུག་པ་འབུམ་གཅིག་ལྷག་ལ་རྒྱ་གཞུང་གིས་མནར་གཅོད་དང་ངལ་རྩོལ་བསྒྱུར་བཀོད་བྱས་ཡོད་པ་དང༌། ༢༠༠༤ལོར་མི་བརྒྱ་ཕྲག་ཁ་ཤས་མནར་གཅོད་འོག་ཚེ་སྲོག་ཤོར་བའི་མིང་གཞུང་བརྩད་ཆོད་འདུག        ཚོགས་འདིའི་ཤོད་སྟངས་ལྟར་ན།ཉེ་བའི་ཆར་ལེའོ་ཉིན་གྱི་བཙོན་ཁང་ཞིག་ཏུ་ཧྥ་ལུན་ཀོང་གི་རྗེས་འཇུག་པའི་དབང་པོའི་ཆ་ཤས་གཤགས་འདོན་གྱིས་ཚོང་བསྒྱུར་བྱས་པ་དང་། བེམ་པོ་མེར་བསྲེགས་བཏང་ཚུལ་ཟེར་འདོན་བྱས་ཡོད།

ད་ལྟའི་ཆར་ཚོགས་པ་འདིའི་ལྟེ་གནས་ཨ་རིར་ཡོད་པ་དང་། ཧོང་ཀོང་དང་ཐའེ་ཝན། སིང་གྷ་པུར། ནིའུ་ཛི་ལནཌ་སོགས་སུའང་སློབ་ཚོགས་ཡོད་སྐད། ཚོགས་པ་འདིས་ད་དུང་ཏ་ཅི་ཡོན་ཧྲི་པའོ་ཞེས་པའི་ཚགས་པར་དང༌། ཞིན་ཐང་རིན་བརྙན་འཕྲིན། ཧྥ་ལུན་ཏ་ཧྥ་ཀྲི་ཡིའུ་རླུང་འཕྲིན་སོགས་གསར་འགྱུར་བརྒྱུད་ལམ་སྣེ་མང་ཞིག་འདོན་གཉེར་བྱེད་བཞིན་ཡོད། དེའི་ནང་ཏ་ཅི་ཡོན་ཟེར་བའི་ཚགས་པར་དེ་སྐད་ཡིག་༡༡ སྟེང་རྒྱལ་ཁབ་༣༠ སོ་གྲངས་ནང་འགྲེམས་སྤེལ་བྱེད་བཞིན་ཡོད།

 

༦) “ཚབ་མཚོན་གསུམ་གྱི་གལ་ཆེའི་དགོངས་པ།།

འདི་ནི་ཅང་ཙེ་མིན་གྱིས་༢༠༠༡ ལོར་བཏོན་པ་ཞིག་ཡིན་ལ། དེའི་ནང་དོན་ནི། “ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་སྔོན་ཐོན་གྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་ཀྱི་རེ་འདུན་ཚབ་མཚོན་བྱེད་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་སྔོན་ཐོན་རིག་གནས་ཀྱི་མདུན་བསྐྱོད་ཁ་ཕྱོགས་ཚབ་མཚོན་བྱེད་དགོས་པ། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་ཚབ་མཚོན་བྱེད་དགོས་”ཞེས་པའི་དོན་ཏེ།ཚབ་མཚོན་དང་པོ་ནི་ཐོན་སྐྱེད་ནུས་གོང་འཕེལ་གཏོང་རྒྱུའི་བྱེད་ཕྱོགས་སུ་དམིགས་པ་དང་། བསམ་ཚུལ་དེ་རྒྱུ་མཚན་དུ་བྱས་ཏེ་སྒེར་གཉེར་ཁེ་ལས་གཉེར་

མཁན་་འབྱོར་ལྡན་གྲལ་རིམ་”ཚོའང་དམར་ཤོག་ཚོགས་པའི་ནང་འཛུལ་ཞུགས་ཆོག་པ་བཟོས། ཚབ་

མཚོན་གཉིས་པ་ནི་སློབ་གསོའི་ཐད་ལ་བརྗོད་ཀྱི་ཡོད་པ་དང་། ཅང་གིས་“སྔོན་ཐོན་གྱི་རིག་གནས་ཡོད་པ་ཡིན་ན། ད་གཟོད་ཀྲུང་གོ་མི་དམངས་རྒྱལ་སྤྱི་དང་སྣེ་མཐུད་རྒྱུའི་ལམ་དེར་བསྐྱོད་རྒྱུར་ཁྲིད་སྟོན་ཡང་དག་བྱེད་ཐུབ་ཅིས་ཚོགས་ཆེན་བཅུ་དྲུག་པའི་སྟེང་བཀྲལ་ཡོད། ཚབ་མཚོན་གསུམ་པ་ནི་མི་དམངས་ཀྱི་ཁེ་ཕན་གཙིགས་སུ་བཟུང་སྟེ། མི་དམངས་སྐུལ་སློང་བྱེད་དགོས་པའི་དོན་ཡིན།།

རྒྱ་ནག་ནང༌། “ཚབ་མཚོན་གསུམ་ནི་དེང་རབས་ཀྱི་དཔོན་ངན་རིང་ལུགས་པའི་ཆབ་སྲིད་ལམ་ཕྱོགས་རེད།” “གུང་ཁྲན་ཏང་ནི་བཤུ་གཞོག་དབང་བསྒྱུར་གྲལ་རིམ་གྱི་ཚབ་མཚོན་རེད་ཟེར་བ་སོགས་གོ་དོན་གཞན་དུ་འགྲེལ་མཁན་ཡོད་ལ། ་ཁ་ཤས་ཀྱིས་་ཐོག་མཐའ་བར་གསུམ་དུ་ཚབ་མཚོན་ཟེར་བ་འདི་རིགས་ཀྱིས། མཆོངས་བསྐྱོད་ཆེན་མོ་དང་རིག་གནས་གསར་བརྗེ་སོགས་སུ་གུང་ཁྲན་ཏང་གིས་ཚབས་ཆེའི་ནོར་འཁྲུལ་བཟོས་པ་དེ་དག་གཡོལ་འགེབས་བྱས་ཡོད་པའི་མཚང་འདོན་བྱས་ཡོད་པ་དང༌། ལྷག་པར་དུ་ཏང་སྲིད། རྒྱལ་སྲུང་། རིག་གནས། དཔལ་འབྱོར་སོགས་ལས་རིགས་ཡོངས་སུ་རྫོགས་པར་སྟེང་ནས་གཤམ་དུ་དྲིལ་བསྒྲགས་བྱེད་ཐལ་དྲགས་ཏེ། ཚབ་མཚོན་གསུམ་མིད་པ་ཡན་གྱི་སྐད་ཆ་སྟོང་པ་ཙམ་ཞིག་ཆགས་པ་དང་། ་ཐོག་མཐའ་བར་གསུམ་དུ་ཚབ་མཚོན་བྱེད་དགོས་”ཟེར་བ་དེ་་ཐོག་མཐའ་བར་གསུམ་དུ་ཚབ་མཚོན་ཡིན་ཟེར་བར་བསྒྱུར་ཡོད་པའི་ཟུར་ཟ་བྱེད་ཀྱི་ཡོད།“ཚབ་མཚོན་གསུམ་གྱི་གལ་ཆེའི་དགོངས་པ་ ཟེར་བ་འདི་༢༠༠༢ ལོར་ཏང་གི་སྒྲིག་གཞིའི་ནང་བཅུག་པ་དང་། ༢༠༠༤ལོར་རྩ་ཁྲིམས་ཀྱི་སྔོན་གླེང་དུ་བཅུག་ཡོད། རྒྱ་གུང་ཁྲན་ཚོས་དེ་ནི་་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་གཞུང་ལུགས་ཀྱི་གྲུབ་འབྲས་ཆེན་པོ་ཨང་གསུམ་པ་ཡིན་པར་བགྲང་བ་དང་། མའོ་ཙེ་ཏུང་གི་དགོངས་པ་དང་ཏིན་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་གཉིས་གྲུབ་འབྲས་ཨང་དང་གཉིས་སུ་རྩིས་ཏེ།འདི་གསུམ་སྟན་གྲལ་གཅིག་ཏུ་རྩ་ཁྲིམས་ཀྱི་མཆོད་གཤོམ་ནང་

བསྒྲིགས་ཡོད།

ཁ༽ ནུབ་རྒྱུད་གསར་སྤེལ།

༢༠༠༡ ལོའི་ཟླ་༡ ནང༌། སྲིད་བློན་ཀྲུའུ་རུང་ཅི་ཚོགས་གཙོ་དང་། སྲིད་བློན་གཞོན་པ་ཝུན་ཅ་པའོ་ཚོགས་གཙོ་

གཞོན་པ། དབུས་གཞུང་ལས་ཁུངས་༡༩ འགན་ཁུར་བ་བཅས་ལས་གྲུབ་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་ནུབ་རྒྱུད་ས་ཁུལ་གསར་སྤེལ་མགོ་ཁྲིད་ཚོགས་ཆུང་ཞེས་པ་བཙུགས་ཏེ་ལས་འཆར་བསྒྲིགས་པ་དང་། རྒྱལ་ཡོངས་དམངས་འཐུས་སུ་གྲོས་འཆམ་བྱུང་བ་བརྒྱུད་ཟླ་༣ ནང་ལས་དོན་དངོས་སུ་མགོ་བརྩམས། ལས་གཞིའི་དམིགས་ཡུལ་ནི། ཤར་རྒྱུད་མཚོ་འགྲམ་ས་ཁུལ་གྱི་འཕེལ་རྒྱས་ཀྱི་ནུས་པ་ལྷག་མ་དེ། ནུབ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོར་འདེགས་དང་། རྒྱལ་སྲུང་སྲ་བརྟན་ཆེད་བཀོལ་སྤྱོད་བྱ་རྒྱུ་ཡིན་ལུགས་བསྒྲགས་ཡོད། སྲིད་ཇུས་དེར་ལས་གཞི་གཙོ་གནད་བཞི་སྟེ།

༡། ནུབ་གློག་ཤར་གཏོང་།

༢།ནུབ་རླངས་ཤར་འདྲེན། །ལྷོ་ཆུ་བྱང་བསྒྱུར། ། མདོ་དབུས་ལྕགས་ལམ་བཅས་ཡིན་པ་དང་། ནུབ་རྒྱུད་གསར་སྤེལ་གྱི་གནས་སྟངས་སྤྱི་ལ་ཁྱབ་པའི་འཐབ་ཇུས་ལྔ་སྟེ། ༡། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ། ༢། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་ཤུགས་སྣོན། ༣། ཐོན་ལས་གྲུབ་ཆ་བཅོས་སྒྲིག ༤། ཚན་རིག་སློབ་གསོའི་ལས་དོན་ཡར་རྒྱས། བཅོས་བསྒྱུར་སྒོ་འབྱེད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་བཅས་ཡིན། །ནུབ་རྒྱུད་ཀྱི་ཁྱབ་ཁོངས་སུ་ནང་སོག་དང་། ཧྲའན་ཞི། ཉིན་ཞ། ཞིན་ཅང་། ཀན་སུའུ། མཚོ་སྔོན། བོད་ལྗོངས།སི་ཁྲོན། ཡུན་ནན། ཁྲུང་ཆིན། ཀོས་ཀྲོའུ། ཀོང་ཞི་བཅས་ཞིང་ལྗོངས་བཅུ་གཅིག་དང་ཐད་སྐྱོང་གྲོང་ཁྱེར་གཅིག་བཅས་ཚུད་ཡོད་པ་དང་། བོད་ས་ཡོངས་རྫོགས་འདིའི་ནང་བཅད་ཡོད།༡། ནུབ་གློག་ཤར་གཏོང་།ནུབ་རྒྱུད་གསར་སྤེལ་གྱི་མ་དངུལ་གཏོང་མང་ཤོས་དང༌། གཞི་ཁྱོན་ཆེ་ཤོས་ཀྱི་ལས་འཆར་ཞིག་སྟེ། ༢༠༠༡ ནས་༢༠༡༠ བར་མ་དངུལ་རྒྱ་སྒོར་དུང་ཕྱུར་༥༢༦༥ ལྷག་གཏོང་འཆར་ཡོད། ལས་གཞི་འདིར་ནུབ་རྒྱུད་ཀྱི་བྱང་དང་དཀྱིལ། ལྷོ་གསུམ་ནས་རྒྱ་ནག་ནང་སར་གློག་ཤུགས་གཏོང་རྒྱུ་དང༌། རྨ་ཆུ་བཞུར་རྒྱུད་ནས་རྒྱ་ནག་གི་པེ་ཅིན་དང་ཐེན་ཅིང་སོགས་ལ་གློག་ཤུགས་གཏོང་ལམ་དེར་བྱང་ཐིག་ཟེར་ཞིང་། དབུས་ཐིག་ནི་འབྲི་ཆུ་བཞུར་རྒྱུད་ནས་རྒྱ་ནག་གི་དབུས་ཤར་ལ་གློག་གཏོང་རྒྱུ་དང་།ལྷོ་ཐིག་ནི་རྫ་ཆུའི་སྨད་རྒྱུད་སོགས་ནས་རྒྱ་ནག་ལྷོ་རྒྱུད་ལ་གློག་བཏང་སྟེ།ས་ཁུལ་འདི་དག་ལ་ནུས་པའི་འབྱུང་ཁུངས་ཀྱི་ཛ་དྲག་

དཀའ་ངལ་སེལ་ཐབས་དང་། དེ་བཞིན་ལས་གཞི་འདིས་རྒྱ་ནག་གི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་དང༌། གློག་ཤུགས་ཨར་ལས། འཛུགས་སྐྲུན་རྒྱུ་ཆས་ལས་རིགས་སོགས་ཡར་རྒྱས་སྐུལ་འདེད་གཏོང་ཐུབ་ཀྱི་ཡོད།

༢། ནུབ་རླངས་ཤར་འདྲེན།

རྒྱ་ནག་ལ་ནུས་པའི་འབྱུང་ཁུངས་དཀོན་པ་དང༌། འཛད་སྤྱོད་བྱེད་ཤུགས་རྒྱ་ཆེར་ཕྱིན་པའི་དཀའ་ངལ་སེལ་ཐབས། དེ་བཞིན་ནུས་པའི་འབྱུང་ཁུངས་ཐོན་སྐྱེད་དང་འཛད་སྤྱོད་ཀྱི་བརྒྱ་ཆའི་ཚན {ཙམ་རྡོ་སོལ་ལ་བརྟེན་པའི་གནས་སྟངས་འཆོས་སྒྲིག་ཆེད། རྒྱ་སྒོར་དུང་ཕྱུར་༡༥༠༠ ལྷག་བཏང་ནས་ཤིན་ཅང་དང་མཚོ་སྔོན་སོགས་ནས་རྒྱ་ནག་ཤར་ཕྱོགས་སུ་རང་བྱུང་སོལ་རླངས་འདྲེན་གཏོང་གི་ལས་གཞི་འདི་སྤེལ་བ་དང་། ནུབ་རྒྱུད་ས་ཁུལ་དུ་རང་བྱུང་སོལ་རླངས་ཀྱི་ཐོན་ཁུངས་སྤྱི་ཊར་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་ཁྲི་༢༦ ལྷག་ཡོད་པ་དེས་རྒྱ་ནག་རྒྱལ་ཡོངས་ཀྱི་བརྒྱ་ཆའི་༨༧ ཙམ་ཟིན། སོལ་རླངས་འདི་དག་ཞིན་ཅང་ནས་ཧྲང་ཧེ་བར་(མཚོ་སྔོན་གྱི་སྦུག་ལམ་ཟི་ལིང་ནས་ལན་ཀྲོའུ་བར།)སྦུག་ལམ་རིང་ཚད་སྤྱི་ལེ་༤༢༠༠ ཙམ་ཡོད་པ་དང་། ཞིང་ཆེན་བཅུ་ཙམ་བརྒྱུད་དགོས་ལ། ལོ་རེར་རྒྱ་ནག་གི་ས་ཁུལ་ཁག་ལ་སོལ་རླངས་མི་ཊར་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་༡༢༠ ཙམ་དྲངས་ཚེ། ལོ་༣༠ རིང་འདང་ངེས་ཡོད་སྐད། དེ་བཞིན་དབུས་ཨེ་ཤ་ཡ་ནས་སོལ་རླངས་ནང་འདྲེན་གྱི་ལས་འཆར་དེ་ད་ལོ་ནས་མགོ་ཚུགས་འདུག་པ་དང་། ད་དུང་ནུབ་སྣུམ་ཤར་འདྲེན་ཟེར་བའི་ལས་གཞི་ཞིག་ཀྱང་ཡོད་ལ། ཞིན་ཅང་དང་མཚོ་སྔོན་ནས་ལན་ཀྲོའུ་བར་སྤྱི་ལེ་༢༧༨༡ ལྷག་གི་སྣུམ་འདྲེན་སྦུག་ལམ་བཟོས་ཚར་འདུག

༣ ལྷོ་ཆུ་བྱང་བསྒྱུར།

རྒྱ་ནག་གི་ལྷོ་རྒྱུད་དུ་ཆུ་ལོག་དང་། བྱང་རྒྱུད་དུ་ཐན་པའི་གནོད་འཚེ་རྒྱུན་མར་ཡོང་བའི་དཀའ་ངལ་སེལ་ཆེད།༢༠༠༢ ལོར་ལས་གཞི་འདི་དངོས་སུ་མགོ་བཙུགས་པ་དང་། དུས་ཡུན་ལོ་ལྔ་བཅུའི་འཆར་གཞི་ཡིན་ལ། མི་འབུམ་བཞི་ཙམི་བཙན་ཤེད་ཀྱིས་གཞིས་སྤོ་བྱེད་དུ་འཇུག་དགོས། ལས་གཞི་འདིར་འབྲི་ཆུའི་སྟོད་སྨད་བར་གསུམ་ནས་ལྷོ་ཆུ་བྱང་བསྒྱུར་གྱི་འཆར་གཞི་ཡོད་པ་དང་།འབྲི་ཆུ་སྟོད་རྒྱུད་ཀྱི་འཆར་གཞི་ད་དུང་གཏན་འཁེལ་བྱས་མེད་ལ།གཞན་དག་ལས་མགོ་ཚུགས་ཟིན་ཡོད།སྨད་རྒྱུད་ཀྱི་ཆུ་ལམ་ནི་སྔར་ཡོད་ཧང་ཀྲོའུ་ནས་པེ་ཅིན་དབར་མིས་བཟོས་གཙང་པོ་ཞིག་ཡོད་པ་དེ་བརྒྱུད་ནས་ཆུ་འཐེན་རྒྱུ་དང་།དེའི་རིང་ཚད་ལ་སྤྱི་ལེ་༡༡༥༠ཙམ་ཡོད།བར་རྒྱུད་ནི་ཧུའུ་ནན་ཏན་ཅང་ཁོའུ་ཆུ་མཛོད་ནས་མགོ་བཙུགས་ཏེ།པེ་ཅིང་དང་ཐེན་ཅིན་བར་རིང་ཚད་སྤྱི་ལེ་༡༢༤༦ཡོད།སྟོད་རྒྱུད་ཀྱི་འཆར་གཞི་ནི་འབྲི་ཆི་ཉག་ཆུ།རྒྱལ་རོང་རྒྱལ་མོ་རྔུལ་ཆུ་བྱང་དུ་ཁ་བསྒྱུར་ཏེ་རྨ་ཆུའི་ནང་གཏོང་འཆར་བྱེད་ཀྱི་ཡོད།(ཡར་ཀླུང་གཙང་པོ་བྱང་འདྲེན་གྱི་འཆར་གཞི་ཞིག་ཀྱང་སྦིར་གྲགས་ཆེ་བ་བྱུང་སྟེ་རྒྱ་གར་སོགས་འཚུབ་ཆ་ལངས་ཡོད།)འཆར་གཞི་འདི་བོད་ཀྱི་ས་གཤིས་ཀྱིས་རྒྱ་གཞུང་ལ་འགྲན་སློང་བྱེད་ཀྱི་ཡོད་པ་སྟེ།ས་འོག་ཕུག་ལམ་གཅིག་པུ་སྤྱི་ལེ་བརྒྱ་ཙམ་འབྲི་དགོས་པ་དང་།ཆུ་རགས་ཀྱི་མཐོ་ཚད་སྨི་ཏར་བརྒྱ་ལྷག་བསྐྲུན་དགོས་པས།འགྲོ་སོང་དང་ལག་རྩལ་གང་ཅིར་ཚོད་མ་ཐིག་པར་ཞིབ་འཇུག་བྱེད་མུས་ཡིན།

༤མདོ་དབུས་ལྕགས་ལམ།

རྒྱ་གུང་ཁྲན་བོད་ལ་འབྱོར་བ་ནས་བཟུང་ལྕགས་ལམ་བཟོ་སྐྲུན་གྱི་འཆར་གཞི་བཏང་བ་དང་།༡༩༥༥ནས་བཟུང་ཆེད་ལས་པ་རྟོག་ཞིབ་བྱེད་དུ་བཏང་སྟེ།ཞིན་ཅང་དང་།ཀན་སུའུ།སི་ཁྲོན།ཡུན་ནན།མཚོ་སྔོན་བཅས་ནས་ལྷ་སར་ལྕགས་ལམ་སྦྲེལ་རྒྱུའི་འཆར་གཞི་བཟོས་པ་དང་།དེ་དག་ལས་མཚོ་སྔོན་གྱི་ལམ་ཐིག་དེ་འགྲོ་སོང་དང་ལས་སྟབས་གང་ཅིར་དགེ་མཚན་ཡོད་པའི་སྙན་ཐོ་བཏོན་ཡོད།ལས་གཞིའི་གོ་རིམ་དང་པོ་ཟི་ལང་ནས་གོར་མོ་བར་༡༩༨༤ལོར་གྲུབ་སྟེ་མེ་འཁོར་བཏང་ཡོད།འས་གཞི་འདིར་རྒྱ་སྒོར་དུང་ཕྱུར་༣༣༠ལྷག་བཏང་བ་དང་།་ཟི་ལང་ནས་ལྷ་ས་བར་སྤྱི་ལེ་༡༩༥༦དང་།ཟི་ལང་ནས་གོར་མོ་བར་སྤྱི་ལེ་༨༡༤ཡོད།

ལས་གཞི་འདིའི་འཕྲོ་མཐུད་དུ།རྒྱ་སྒོར་དུང་ཕྱུར་བརྒྱ་ཕྲག་ཁ་ཤས་བཏང་སྟེ།ལྷ་ས་ལྟེ་བར་བྱས་པའི་ཡན་ལག་ལམ་ཐིག་གསུམ་འཐེན་འཆར་ཡོད་པ་དང་།ལྷ་ས་ནས་ཉིང་ཁྲི་བར་(དེ་ནས་ཡུན་ནན་ཏ་ལི)དང་།ལྷ་ས་ནས་གཞིས་རྩེ།གཞིས་རྩེ་ནས་གྲོ་མོ་བར་གྱི་ལས་གཞི་དེ་དག་ལོ་བཅུའི་ནང་མེ་འཁོར་གཏོང་ཐུབ་རྒྱུའི་འཆར་གཞི་བཀོད་ཟིན་འདུག    ད་དུང་རྒྱ་གཞུང་གིས་ལྷ་ས་ནས་བལ་ཡུལ་བར་དང་།བྷང་གྷ་ལ་ཤ་བར་ལྕགས་ལམ་འཐེན་རྒྱུའི་འབད་བརྩོན་བྱེད་བཞིན་པར།རྒྱལ་ཁབ་དེ་དག་གིས་དགའ་བསུ་བྱེད་བཞིན་ཡོད་སྐད་འདུག་ལ།ལྷ་ས་ནས་རྒྱ་གར་ཀ་ལི་ཀ་ཏ་བར་ལྕགས་ལམ་འཐེན་རྒྱུའི་འཆར་གཞི་ཞིག་རྒྱ་གར་གཞུང་གིས་རྒྱ་ནག་ལ་རེ་བ་བཏོན་ཡོད་པའི་ཤོད་སྟངས་ཤིག་ཀྱང་འདུག

༢༠༠༨ཟླ༡༠ཚེས༢༠ཉིན་ཁྲིན་ཏུའུ་ཚོང་ལས་ཚགས་པར་སྟེང་རྒྱ་གཞུང་ལུ་འདྲེན་གྱིས་གནས་ཚུལ་འགོད་སྤེལ་བྱས་པ་ལྟར་ན།ཁྲིན་ཏུའུ་ནས་ལྷ་ས་བར་གྱི་ལྕགས་ལམ་འཛུགས་སྐྲུན་ལས་གཞི་དེ་ད་ལྟ་འཆར་འགོད་བྱེད་བཞིན་པ་དང་།ལམ་ཐིག་སྤྱིའི་རིང་ཚད་ཀི་ལོ་མི་ཏར་༡༦༢༩དང་།འགྲོ་གྲོན་རྒྱ་སྒོར་དུང་ཕྱུར་༥༣༧་༨ཡིན་པ་དང་།ལོ༨ནང་འགྲུབ་འཆར་ཡོད་སྐད།ལྕགས་ལམ་དེ་ཁྲིན་ཏུའུ་ནས་ཡ་ཨན་བརྒྱུད་དར་མདོ་དང་།དེ་ནས་ལི་ཐང་།མཛོ་སྒང་།སྤོ་མེས།ཉིང་ཁྲི་སོགས་བརྒྱུད་དེ་ལྷ་སར་མཐུད་འཆར་ཡོད་འདུག

དེ་མིན་ཀན་སུའུ་ཏུན་ཧོང་ནས་མདོ་དབུས་ལྕགས་ལམ་ལ་སྦྲེལ་རྒྱུའི་ལས་གཞིའང་མགོ་ཚུགས་ཡོད།ཧྲའན་ཞི་སྤྱི་ཚོགས་ཚན་རིག་ཁང་གི་སློབ་དཔོན་ཀྲའོ་པའོ་ཏུང་གིས་ནུབ་རྒྱུད་གསར་སྤེལ་ཟེར་བ་འདི་ནི་མཚོ་འགྲམ་ས་ཁུལ་གྱི་དགོས་མཁོ་སྐོང་རྒྱུ་ཁོ་ནའི་ཆེད་དུ་རེད།གློག་ཤུགས་དང་།རང་བྱུང་སོལ་རླངས།རང་བྱུང་ཐོན་ཁུངས་འབོར་ཆེན་ཤར་རྒྱུད་དུ་དབོར་ཏེ།མཚོ་འགྲམ་གྱི་ཞིང་ཆེན་ཚོའི་ཡར་རྒྱས་ལ་རོགས་འདེགས་བྱེད་པ་ལས།ནུབ་རྒྱུད་ནས་སོ་སོའི་བཟོ་ལས་ཀྱི་རྨང་གཞི་འཛུགས་རྒྱུའི་ལས་གཞི་ཧ་ལམ་གཅིག་ཀྱང་མེད་ཅེས་བཤད་འདུག

གཙོ་གནད་ལས་གཞི་འདི་དག་ནང་ནུབ་རྒྱུད་ཀྱི་རང་བྱུང་ཐོན་ཁུངས་རྒྱ་ནག་ཏུ་དབོར་འདྲེན་ལས་གཞན་པའི་འཛུགས་སྐྲུན་གང་ཡང་མེད་ལ།ལས་འཆར་འདིའི་དམིགས་ཡུལ་རྒྱལ་སྲུང་སྲ་བརྟན་བཟོ་སྟངས་ཀྱི་རྒྱབ་ཏུ།གྲངས་ཉུང་མི་རིགས་རྒྱ་རིགས་སུ་བསྒྱུར་རྒྱུའི་སྦས་པའི་སྲིད་ཇུས་ཕུགས་རིང་ཞིག་ཡོད་པའི་ཚོད་དཔག་བྱེད་མཁན་ཡང་ཡོད།།

About རྩོམ་སྒྲིག་པ།