ཐའེ་ཝན་གྱིས་གཞུང་འབྲེལ་ཐོག་ནས་རྒྱ་ནག་གི་ཨོ་རྩེད་འགྲན་ཚོགས་ལ་ངོ་རྒོལ་བྱས།

ཨ་རི་གཙོ་བྱས་པའི་འཛམ་གླིང་རྒྱལ་ཁབ་ ༡༢ ལྷག་ནས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པ་སོགས་ལ་སྐྱོན་བརྗོད་བྱས་ཏེ། རྒྱ་ནག་གི་ཨོ་རྩེད་འགྲན་ཚོགས་ལ་གཞུང་འབྲེལ་ངོ་རྒོལ་བྱས་འདུག

 

རྒྱ་ནག་ནང་ཨོ་ལིམ་ཕིག་རྩེད་འགྲན་འཚོག་གྲབས་ཡོད་པ་དང་བསྟུན། རྒྱལ་ཁབ་ཕྱི་ནང་གཉིས་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་བཞིན་པའི་སྐབས་འདིར། དེ་རིང་ཐའེ་ཝན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་ལྷན་ཁང་གིས། རྒྱ་ནག་གི་དགུན་ཁའི་ཨོ་ལིམ་ཕིག་རྩེད་འགྲན་སྟེང་། ཐའེ་ཝན་གྱིས་གཞུང་འབྲེལ་མི་སྣ་མངག་གཏོང་བྱ་རྒྱུ་མིན་སྐོར་བརྗོད་དེ། རྒྱ་ནག་གི་རྩེད་འགྲན་ལ་གཞུང་འབྲེལ་ངོ་རྒོལ་བྱས་ཡོད་པ་རེད།

 

ཐའེ་ཝན་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་འོ་ཅཱང་ཨན་ (歐江安) ལགས་ཀྱིས། ང་ཚོའི་གཞུང་གིས་རྒྱ་ནག་གི་གནས་སྟངས་ལ་གཞིགས་ནས། ཐའེ་ཝན་གྱི་མངོན་འདོད་དང་ལུས་རྩལ་བའི་ཐོབ་ཐང་སོགས་གཙོ་འཛིན་བྱས་ཏེ། ལུས་རྩལ་བ་ཉུང་ཤས་ཤིག་མ་གཏོགས་མངག་གཏོང་བྱ་རྒྱུ་མིན་ལ། ང་ཚོས་གཞུང་འབྲེལ་ཐོག་ནས་པེ་ཅིན་དུ་སྐུ་ཚབ་མི་སྣ་གཅིག་ཀྱང་མངག་གཏོང་བྱ་རྒྱུ་མིན། ཞེས་བརྗོད་ཡོད་པ་དང་། ད་རེས་ནི་ཐའེ་ཝན་གཞུང་གིས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་གཞུང་འབྲེལ་ངོ་རྒོལ་བྱས་པ་ཐོག་མ་དེ་མ་ཡིན་པར། ཕྱི་ལོ་ ༢༠༠༨ ལོར་ཐའེ་ཝན་གྱི་གཞུང་འབྲེལ་མི་སྣ་གཅིག་གིས་ཀྱང་རྒྱ་ནག་གི་དབྱར་དུས་ཨོ་ལིམ་ཕིག་སྟེང་མཉམ་ཞུགས་བྱས་མེད་པ་རེད།

 

རྒྱ་ནག་གི་ཨོ་ལིམ་ཕིག་རྩེད་འགྲན་ལ་གཞུང་འབྲེལ་ངོ་རྒོལ་བྱེད་པའི་ཐད། ཐའེ་ཝན་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝང་ཏུན་ཡོ་ (Wang Dingyu) ལགས་ཀྱིས། ད་རེས་ཀྱི་ཐག་གཅོད་འདི་ནི་ཕྱོགས་གཅིག་ནས་ཐའེ་ཝན་རང་དབང་ལྡན་ཞིང་མང་གཙོའི་རྒྱལ་ཁབ་ཁག་དང་ལྷན་དུ་མཉམ་ཞུགས་བྱས་ཏེ། རྒྱ་ནག་དམར་ཤོག་ཚོགས་པས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དང་། རྒྱ་ནག་ལ་ཨོ་ལིམ་ཕིག་རྩེད་འགྲན་བསྡུ་སྐོང་བྱེད་པའི་འོས་བབ་མེད་པ། དེ་བཞིན་རྒྱལ་སྤྱིའི་རྩེད་འགྲན་པའི་ཐོབ་ཐང་ལ་རྡོག་རོལ་མི་ཐེབས་པའི་སླད་དུ་ཡིན་ལ། ཕྱོགས་གཞན་ཞིག་ནས། ང་ཚོའི་རྩེད་འགྲན་པ་རྣམས་རྒྱ་ནག་ཏུ་མ་འབྱོར་གོང་། རྒྱ་ནག་གཞུང་གིས། ང་ཚོའི་རྩེད་འགྲན་པ་རྣམས་རྒྱ་ནག་གི་རྩེད་འགྲན་པ་ཡིན་སྐོར་བརྗོད་དེ། རྩེད་འགྲན་གྱི་ངོ་བོ་ཆབ་སྲིད་དུ་བསྒྱུར་བར་བརྟེན། ཐའེ་ཝན་གྱིས་རྒྱ་ནག་གི་རྩེད་འགྲན་ལ་གཞུང་འབྲེལ་ངོ་རྒོལ་བྱས་པ་ཡིན། ཞེས་བརྗོད་ཡོད་པ་རེད།

 

ཁ་སང་ཕྱི་ཚེས་ ༢༦ ཉིན་ཐའེ་ཝན་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གིས། ཐའེ་ཝན་གྲོས་ཚོགས་ཀྱི་ཕྱི་རོལ་ཏུ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པར་སྐྱོན་བརྗོད་དང་སྦྲགས། འགྲོ་བ་མིའི་ཐོབ་ཐང་མེད་ཚེ། ཨོ་ལིམ་ཕིག་རྩེད་འགྲན་མེད། ཅེས་ཐའེ་ཝན་གཞུང་ནས་རྒྱ་ནག་གི་ཨོ་རྩེད་འགྲན་ཚོགས་ལ་གཞུང་འབྲེལ་ངོ་རྒོལ་བྱེད་དགོས་པའི་ལས་འགུལ་སྤེལ་ཡོད་པ་དང་། ཐའེ་ཝན་ནང་ད་བར་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ། རང་དབང་ལ་དགའ་བའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས། ཐའེ་ཝན་ནང་ངོ་རྒོལ་ལས་འགུལ་རིམ་པ་སྤེལ་སྐབས། རྒྱ་ནག་གི་ཆེད་མངག་མི་སྐོར་ཞིག་གིས་ལས་འགུལ་བར་འཇིགས་སྐུལ་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་འདུག

 

ཡང་ཁ་སང་། ཡུ་རོབ་རྒྱལ་ཁབ་པོར་ཅུ་གྷལ་(Portugal) གྱིས། རྒྱུ་མཚན་ཁག་ཅིག་ལ་བརྟེན་ནས། པོར་ཅུ་གྷལ་གྱི་གཞུང་འབྲེལ་སྐུ་ཚབ་རྒྱ་ནག་གི་ཨོ་རྩེད་འགྲན་ཚོགས་ཀྱི་དབུ་འབྱེད་དང་མཇུག་བསྡོམས་མཛད་སྒོའི་སྟེང་མངག་གཏོང་བྱ་རྒྱུ་མིན་སྐོར་བརྗོད་ཡོད་པ་དང་འབྲེལ། ཡུ་རོབ་གྲོས་ཚོགས་ཀྱིས་ཐག་གཅོད་ཅི་ལེན་ཐད་ཞོལ་འདེགས་ཞུ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་།  ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ཡུ་རོབ་གྲོས་ཚོགས་ཀྱིས། རྒྱ་ནག་གཞུང་གིས་ཧོང་ཀོང་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པའི་སྐྱོན་བརྗོད་ཤུགས་ཆེན་བྱས་པ་དང་སྦྲགས། ཡུ་རོབ་གྲོས་ཚོགས་ཀྱིས། ཆབ་སྲིད་དང་འབྲེལ་ལམ་ཐོག་ནས་རྒྱ་ནག་གི་ཨོ་རྩལ་ལ་ངོ་རྒོལ་བྱ་དགོས་པའི་གྲོས་ཆོད་ཅིག་གཏན་འབེབ་བྱས་ཡོད་ཀྱང་། ད་སྔ་བར་ཡུ་རོབ་གྲོས་ཚོགས་ཀྱིས་ཡོངས་གྲགས་ཐོག་རྒྱ་ནག་གི་ཨོ་རྩལ་ལ་ངོ་རྒོལ་བྱ་རྒྱུ་ཡིན་སྐོར་བསྒྲགས་མེད་པ་རེད།

 

དེ་བཞིན། ཡུ་རོབ་རྒྱལ་ཁབ་ཨེ་སི་ཊོ་ནེ་ཤི་ཡ་ (Estonia) དང་སྦེལ་འཇམ་ (Belgium) ། ལི་ཐོ་ནེ་ཡ་ (Lithuania) ། ནེ་ཐི་ལན་ཌི་ (Netherland) དང་ཌན་མག་ (Denmark) བཅས་ཀྱིས་གཞུང་འབྲེལ་ཐོག་ནས་རྒྱའི་ཨོ་རྩེད་ལ་ངོ་རྒོལ་བྱས་ཡོད་པ་དང་། ཡུ་རོབ་རྒྱལ་ཁབ་འཇར་མན་དང་ཨོ་སི་ཊི་རན་ཡན་ (Austrian)། སོ་ཝི་ཌི་ཤི་(Swedish)། སི་ལོ་ཝེ་ནེ་ཡན་(Slovenian) བཅས་ཀྱི་གོ་ཐོབ་ཆེ་བའི་མི་སྣ་ཁག་ཅིག་གིས་རང་ཉིད་རྒྱ་ནག་གི་ཨོ་རྩལ་གྱི་གཞུང་འབྲེལ་མཛད་སྒོར་ཞུགས་རྒྱུ་མིན་སྐོར་བསྒྲགས་ཡོད་ཀྱང་། ཧྥ་རན་སི་གཞུང་གིས་གཞུང་འབྲེལ་ངོ་རྒོལ་བྱེད་པ་ནི་རྣམ་པ་ཙམ་ཡིན་པ་ལས་དོན་དངོས་ཐོག་འགྱུར་བ་གང་ཡང་ཐེབས་ཀྱི་མེད་སྐོར་བརྗོད་དེ། ཧྥ་རན་སིས་རྒྱའི་ཨོ་རྩེད་ལ་གཞུང་འབྲེལ་ངོ་རྒོལ་བྱ་རྒྱུ་མིན་སྐོར་བསྒྲགས་ཡོད་པ་དང་། ད་སྔ་བར་ཨ་རི་གཙོ་བྱས་པའི་ཁེ་ན་ཌ་དང་དབྱིན་ཇི། ཨོ་གླིང་དང་ཉི་ཧོང་སོགས་འཛམ་གླིང་རྒྱལ་ཁབ་ཁྱོན་ ༡༢ ལྷག་གིས་རྒྱ་ནག་གི་ཨོ་རྩེད་ལ་གཞུང་འབྲེལ་ངོ་རྒོལ་བྱས་ཡོད་འདུག

About རྩོམ་སྒྲིག་པ།