པེ་ཅིན་ཨོ་རྩལ་འགྲན་ཚོགས་ཐོག་དབྱིན་གཞུང་གི་སྐུ་ཚབ་མི་གཏོང་བའི་སྤྱི་མོས་གྲོས་ཆོད་བཞག

རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་རྣམས་གཙོ་བོར་གྱུར་བའི་སྤྱི་མང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་བཞིན་ཡོད་པའི་ངོས་འཛིན་འོག་དབྱིན་གཞུང་གི་སྐུ་ཚབ་གཏོང་རྒྱུ་མིན་པའི་སྤྱི་མོས་གྲོས་ཆོད་བཞག་འདུག

ཁ་སང་ཕྱི་ཚེས་ ༡༥ ཉིན་དབྱིན་གཞུང་(United Kingdom) གྱི་གྲོས་ཚོགས་འོག་མའི་ནང་སྤྱི་མོས་ཀྱི་ཐོག་ནས་ཡུལ་དེའི་སྲིད་གཞུང་གིས་ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་ཏུ་འཚོག་གཏན་འཁེལ་བའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་སྐུ་ཚབ་རིགས་མི་གཏོང་བའི་གྲོས་ཆོད་བཞག་ཡོད་པ་མ་ཟད། ཨོ་རྩལ་འགྲན་ཚོགས་དེ་ཉིད་རྒྱ་ནག་ལྟ་བུའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་སའི་རྒྱལ་ཁབ་ཅིག་ནང་འཚོག་རྒྱུ་མེད་སྐོར་གྱི་སྐྱོན་བརྗོད་དྲག་པོ་བྱས་ཡོད་འདུག

རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ནང་མཉམ་ཞུགས་མི་བྱ་རྒྱུའི་གྲོས་ཆོད་འདོན་མཁན་དང་། ད་ལྟ་རྒྱ་ནག་གི་དཔལ་འབྱོར་ཉེས་ཆད་ཕོག་ཡོད་པའི་གྲོས་ཚོགས་འཐུབ་མི་སྐུ་ཞབས་ཊིམ་ལོག་ཊོན་ (Tim Loughton)ལགས་ཀྱིས་གྲོས་ཚོགས་ར་བའི་ནང་། རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གིས་ཨོ་རྩལ་འགྲན་ཚོགས་དེས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཐད་བཅོས་བསྒྱུར་ཡོང་བར་ཕན་སྲིད་པའི་རེ་བའི་ཐོག་ནས་ཕྱི་ལོ་ ༢༠༠༨ ལོའི་ཨོ་རྩལ་འགྲན་ཚོགས་དེ་རྒྱ་ནག་ལ་སྤྲད་པ་རེད། འོན་ཀྱང་། དེའི་རྗེས་རྒྱ་ནག་གིས་ཤིན་ཅང་(ཤར་ཊུར་ཀི་སི་ཐན་)ཁུལ་དུ་མི་རིགས་རྩ་མེད་གཏོང་ཐབས་དང་། བོད་མི་སྟོང་ཕྲག་བརྒལ་བ་འཛིན་བཟུང་དང་བཙོན་འཇུག གར་སོང་ཆ་མེད། མནར་གཅོད་བཅས་བཏང་ནས་མཐར་རྐྱེན་འདས་སུ་བཏང་བ། དེ་བཞིན་ཧོང་ཀོང་ནང་གི་སྨྲ་བརྗོད་རང་དབང་དང་ཆབ་སྲིད་རང་དབང་ལ་དམ་དྲག་བྱེད་བཞིན་ཡོད་པ་མ་ཟད། དབྱིན་ཇི་དང་རྒྱ་ནག་བར་བཞག་པའི་ཆིངས་ཡིག་དེ་བརྩི་མེད་རྡོལ་རོལ་བཏང་སྟེ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཡིག་གསར་པ་ཞིག་གཏན་འབེབ་བྱས་པ་རེད། ཅེས་བརྗོད་འདུག

གྲོས་ཚོགས་འོག་མའི་གྲོས་ཆོད་དེའི་ནང་གི་དོན་ཚན་ཁག་གཞུང་གིས་ངེས་པར་དུ་ལག་བསྟར་བྱེད་དགོས་པ་ཞིག་མིན་ནའང་། དེ་ཆབ་སྲིད་ཤོག་ཁག་ཚང་མས་སྤྱི་མོས་ཐོག་གཏན་འབེབ་བྱས་པ་ཞིག་ཡིན་སྟབས། སྲིད་བློན་བྷོ་རི་སི་ཇོན་སོན་ (Boris Johnson)མཆོག་གིས་སྣེ་ཁྲིད་པའི་དབྱིན་ཇིའི་གཞུང་ལ་གནོན་ཤུགས་གང་འཚབ་བསླེབས་ཡོད་པ་རེད། དེ་ཡང་གྲོས་ཆོད་ནང་། གྲོས་ཚོགས་འདིའི་ངོས་ནས་ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་ཨོ་རྩལ་འགྲན་བསྡུར་དེ། མི་རིགས་རྩ་མེད་གཏོང་བ་དང་། དམག་དོན་ཉེས་པ། འགྲོ་བ་མིའི་རིགས་ལ་རྒོལ་བའི་ཉེས་གསོག་བཅས་ (mass Atrocity) ཀྱི་ཉེས་མིང་ཡོད་པའི་སྲིད་གཞུང་ཞིག་གི་རྒྱལ་ཁབ་ནང་འཚོག་རྒྱུ་གཏན་ནས་མེད་པར་ཡིད་ཆེས་བྱེད་ཀྱི་ཡོད་ལ། རྒྱ་ནག་གཞུང་གིས་ཤིན་ཅང་ཁུལ་དུ་སྤེལ་བཞིན་པའི་དྲག་སྤྱོད་རིགས་མཚམས་འཇོག་དང་། ཡུ་ཀེའི་གྲོས་ཚོགས་འཐུས་མི་དང་མི་མང་། ཚོགས་སྡེ་བཅས་ཀྱི་ཐོག་བཀལ་བའི་དཔལ་འབྱོར་ཉེས་ཆད་རྣམས་ནུས་མེད་མ་བཟོས་བར་དུ། ཡུ་ཀེ་གཞུང་ངོས་ནས་སོ་སོའི་གཞུང་འབྲེལ་སྐུ་ཚབ་རིགས་ཨོ་ལིམ་པིག་ཏུ་མངག་གཏོང་མི་བྱ་རྒྱུའི་སྐུལ་འདེད་བྱེད་ཀྱི་ཡོད། ཅེས་བཀོད་འདུག

ད་ཐེངས་ཀྱི་གྲོས་ཆོད་འདིས་རྒྱ་ནག་གཞུང་གིས་ཨོ་རྩེད་ནང་མགྲོན་འབོད་ཞུ་སྲིད་པའི་གཞུང་འབྲེལ་སྐུ་ཚབ་རིགས་མི་བཅར་རྒྱུའི་དགོས་འདུན་བཏོན་པ་ལས། འགྲན་བསྡུར་ནང་ཞུགས་པའི་རྒྱལ་ཁབ་ཀྱི་རྩེད་འགྲན་པ་རྣམས་ལ་བཀག་འགོག་བྱས་པ་ཞིག་མིན་པ་རེད། ད་ཐེངས་གྲོས་ཆོད་འདི་ནི་འཛམ་གླིང་གི་གྲོས་ཚོགས་ཤིག་གིས་རྒྱ་ནག་གི་ཨོ་རྩལ་འགྲན་བསྡུར་ལ་སྐུ་ཚབ་རིགས་མི་གཏོང་རྒྱུའི་གྲོས་ཆོད་བཞག་པ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད། དེ་ཡང་ཟླ་འདིའི་ཕྱི་ཚེས་ ༨ ཉིན་ཡུ་རོབ་གྲོས་ཚོགས་ངོས་ནས་ཀྱང་མང་མོས་ཀྱི་གྲོས་ཆོད་ཅིག་བཞག་ཏེ། རྒྱ་ནག་གིས་ཧོང་ཀོང་དང་། ཤིན་ཅང་ཡུ་གུར་ཁུལ།(ཤར་ཊུར་ཀི་སི་ཐན་) བོད། ལྷོ་སོག དེ་བཞིན་རྒྱ་ནག་གི་ས་ཁུལ་གཞན་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་མ་བཏང་བར་དུ། ཡུ་རོབ་མཐུན་ཚོགས་ཀྱི་འཛིན་སྐྱོང་ལྷན་ཚོགས་དང་། འགན་འཛིན་ལྷན་ཚོགས། ཚོགས་ཁོངས་རྒྱལ་ཁབ་ཚང་མས་རང་གི་སྐུ་ཚབ་རིགས་པེ་ཅིན་ཨོ་ལིམ་པིག་ཏུ་མི་གཏོང་རྒྱུར་སྐུལ་འདེད་གྲོས་ཆོད་བཞག་ཡོད་པ་རེད།

དབྱིན་ཡུལ་གྲོས་ཚོགས་འོག་མ་ནི་རྒྱ་ནག་གཞུང་གིས་ཤར་ཊུར་ཀི་སི་ཐན་ཁུལ་དུ་མི་རིགས་རྩ་མེད་གཏོང་གིན་པ་ངོས་འཛིན་བྱེད་མཁན་གྱི་གྲོས་ཚོགས་ཐོག་མའི་གྲས་སུ་ཡོད་ཅིང་། གྲོས་ཚོགས་འཐུས་མིའི་ཁྲོད་དུ་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་དུས་མཐུན་ཁ་གཏད་གཅོག་མཁན་མི་ཉུང་བ་ཞིག་ཡོད་ནའང་། དབྱིན་གཞུང་གིས་དུས་ད་ལྟའང་རྒྱ་ནག་དང་ཚོང་འབྲེལ་འཛུགས་ཐབས་སོགས་བྱེད་བཞིན་ཡོད་པར་བརྟེན། ཁ་སང་གྲོས་ཆོད་དེར་བགྲོ་གླེང་བྱེད་བཞིན་པའི་སྐབས་གྲོས་ཚོགས་འཐུས་མི་ཨི་ཡན་ཌན་ཁེན་སི་མི་ཐི་ (Iain Duncan Smith) ཡིས། ང་ཚོ་གྲོས་ཚོགས་འཐུས་མི་རྣམས་རྒྱ་ནག་གཞུང་གི་དཔལ་འབྱོར་ཉེས་ཆད་འོག་ཡོད་མུས་ཡིན་ནའང་། ང་ཚོའི་གཞུང་གིས་རྒྱ་ནག་དང་ཚོང་འབྲེལ་མང་དུ་གཏོང་རྒྱུའི་སྐོར་བཤད་ཀྱིན་འདུག ཅེས་དང་། ང་ཚོས་ཕྱོགས་གཅིག་ནས་རྒྱ་ནག་གཞུང་གིས་བྱེད་ཕྱོགས་དེར་བློ་འཚབ་ཀྱི་ཐོག་ནས་ངོ་རྒོལ་སྐྱོན་བརྗོད་བྱེད་ཀྱི་ཡོད་ནའང་། ཕྱོགས་གཞན་ནས་རྒྱ་ནག་དང་ཚོང་འབྲེལ་མང་དུ་གཏོང་རྒྱུའི་འཆར་གཞི་འཐེན་བཞིན་པ་མ་ཟད། རྒྱ་ནག་གི་ཨོ་ལིམ་པིག་ནང་ཐེ་ཇུས་བྱ་རྒྱུ་མིན་ཟེར་བ་དེ་རྩ་བ་ནས་འགྲིག་གི་མེད་པ་རེད། ཅེས་དབྱིན་གཞུང་ལ་སྐྱོན་བརྗོད་དྲག་པོ་བྱས་ཡོད་འདུག གཞན་ཡང་བགྲོ་གླེང་སྐབས་གྲོས་ཚོགས་འཐུས་མི་རེ་འགས་རྒྱ་ནག་ནང་ཨོ་ལིམ་པིག་འཚོག་རྒྱུ་དེ་རང་ནོར་འཁྲུལ་ཞིག་ཡིན་པར་བརྟེན། དབྱིན་གཞུང་གི་ངོས་ནས་སྐུ་ཚབ་ཙམ་དུ་མ་ཟད་རྩེད་འགྲན་པ་རྣམས་ཀྱང་པེ་ཅིན་གྱི་ཨོ་རྩལ་འགྲན་བསྡུར་ནང་མི་ཞུགས་རྒྱུར་བསམ་བློ་གཏོང་དགོས་སྐོར་བརྗོད་ཡོད་འདུག

བོད་ཀྱི་དུས་བབ་ལས་དྲངས།

About རྩོམ་སྒྲིག་པ།