ལྷ་ས་གྲོང་ཁྱེར་གྱི་ཚད་མཐོའི་འཛུགས་སྐྲུན་གྱིས་བོད་མི་རྣམས་སྤྱི་ཚོགས་ཀྱི་གྲལ་མཐར་ལྷུང་དུ་འཇུག་གི་ཡོད་འདུག

རྒྱ་ནག་གཞུང་གིས་ཕྱིའི་མཛེས་བཀོད་དང་དྲིལ་བསྒྲགས་ཀྱི་ཆེད་དུ་ལྷ་ས་གྲོང་ཁྱེར་ནང་ཚད་མཐོའི་ཁང་རྩེག་མང་པོ་རྒྱག་བཞིན་པ་དེས་ཡོང་འབབ་ཞན་པའི་ས་གནས་བོད་མི་ཚོར་དཀའ་ངལ་ཤུགས་ཆེ་རུ་ཕྱིན་ཏེ་སྤྱི་ཚོགས་ཀྱི་གྲལ་མཐར་ལྷུང་གི་ཡོད་སྐོར་བརྗོད་འདུག

 

དེ་རིང་རྒྱ་གར་དུས་བབ་གསར་ཁང་གིས་བོད་འབྲེལ་གནས་ཚུལ་ཞིག་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་བོད་མིའི་འཚོ་བ་ཡར་རྒྱས་གཏོང་ཐབས་བྱེད་ཀྱི་ཡོད་པར་ཁ་གཡར་ཏེ། ཉེ་བའི་ལོ་ཤས་ནང་བོད་ཀྱི་རྒྱལ་ས་ལྷ་སར་ཁང་རྩེག་དང་། གཞུང་ལམ། མེ་འཁོར་ལྕགས་ལམ། གནམ་ཐང་སོགས་འཛུགས་སྐྲུན་ཤུགས་ཆེར་བྱེད་ཀྱི་ཡོད་ནའང་། དོན་དངོས་ཐོག་འཛུགས་སྐྲུན་དེས་ལོ་རྒྱུས་རང་བཞིན་ལྡན་པའི་བོད་ཀྱི་གྲོང་ཁྱེར་ལྷ་སའི་བཀོད་པ་ལ་འགྱུར་བཅོས་གཏོང་གི་ཡོད་པ་མ་ཟད། ཡོང་འབབ་ཉུང་བའི་མི་མང་ཚོས་ས་ཁང་ཉོ་སྒྲུབ་བྱ་རྒྱུ་ཁག་ཏུ་གཏོང་གི་ཡོད་སྐོར་བཀོད་འདུག

 

དེ་ཡང་གསར་ཤོག་དེས་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་གི་ཁན་ཀྲི་རི་གྷར་ཌིན་ Country Garden ཟེར་བའི་འཛུགས་སྐྲུན་སྤྱི་གཉེར་ཁང་དེས། ལྷ་སར་ཡོད་པའི་༧གོང་ས་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་ན་རིམ་གྱི་དབྱར་དུས་ཀྱི་ཕོ་བྲང་ནོར་བུ་གླིང་ཁའི་ཉེ་འདབས་སུ་ཁང་རྩེག་མཐོན་པོ་རྒྱག་བཞིན་ཡོད་པ་དང་། ས་གནས་བོད་མིའི་སྤྱི་སྙོམས་ཡོང་འབབ་དེ་གཞན་དང་བསྡུར་ན་ཞན་པོ་ཡིན་ནའང་། ཁང་རྩེག་དེ་དག་གི་རིན་གོང་ནི་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ནང་གི་ཁང་རྩེག་གི་རིན་གོང་དང་གཅིག་མཚུངས་ཡིན་ཞིང་། ད་དུང་ཁང་རྩེག་དེའི་ཁ་སྤྲོད་དེར་འཛུགས་སྐྲུན་ལས་གཞི་གསར་པ་ཞིག་གི་གསལ་བསྒྲགས་སྦྱར་ཡོད་སྐོར་བཀོད་འདུག

 

གཞན་ཡང་། ཉེ་ཆར་རྒྱ་ནག་གཞུང་གིས་ལོ་འཆར་ཅན་བཞིན། ཧ་ཅང་དམ་དྲག་དང་སྟངས་འཛིན་ཆེ་བའི་འོག་ནས་རྒྱལ་སྤྱིའི་གསར་འགོད་པ་སྐོར་ཞིག་བོད་ནང་ལྟ་སྐོར་དུ་ཁྲིད་འདུག་ཅིང་། དེའི་ཁྲོད་དུ་འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་རྙིང་ཤོས་ཨེ་ཨེབ་པི་ (AFP) ཡང་ཡོད་འདུག སྐབས་དེར་རྒྱ་ནག་གཞུང་གིས་བོད་ནང་གི་འཛུགས་སྐྲུན་ལས་གཞི་དེ་དག་བོད་མི་རྣམས་ཀྱི་འདོད་བློ་ཁེངས་ཐབས་ཤིག་ཡིན་སྐོར་འགྲེལ་བརྗོད་བྱས་འདུག་ལ། རྒྱ་གར་དུས་བབ་གསར་ཁང་གི་གནས་ཚུལ་ནང་། ཕྱི་ལོ་ ༢༠༠༨ ལོར་ལྷ་ས་གཙོས་པའི་བོད་ས་མང་པོའི་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་ཐོན་པའི་རྗེས། རྒྱ་ནག་གཞུང་གིས་བོད་ནང་དཔལ་འབྱོར་མ་རྩ་ཤུགས་ཆེར་བླུགས་ཏེ། བོད་དེ་དཔལ་འབྱོར་གྱི་ཐོག་ནས་ཡར་རྒྱས་མྱུར་ཤོས་འགྲོ་མཁན་གྱི་ས་ཁུལ་དུ་གྱུར་བ་མ་ཟད། ས་གནས་མི་མང་གི་སྤྱི་སྙོམས་ཡོང་འབབ་ཀྱང་ཡར་འཕར་ཡོད་སྐོར་བཀོད་འདུག

 

འོན་ཀྱང་ལྷ་ས་ཁུལ་དུ་ཁང་རྩེག་སོགས་འཛུགས་སྐྲུན་ལས་གཞི་དེ་དག་གིས་ཁང་པའི་རིན་གོང་ཆེས་ཆེར་འཕར་ཏེ། རྒྱ་ནག་གཞུང་གི་ལས་བྱེད་མ་ཡིན་པའི་བོད་མི་ཡོང་འབབ་ཞན་པ་རྣམས་ལ་འཚོ་བའི་གནས་སྟངས་ཀྱི་ཐོག་ནས་ཁང་པ་ཉོ་རྒྱུར་དཀའ་ལས་འཕྲད་ཀྱི་ཡོད་ལ། ལྷག་པར་དུ་བོད་ཀྱི་གྲོང་སྡེ་གཞན་ནས་ལྷ་སར་གནས་སྤོས་བྱེད་མཁན་གྱི་བོད་མི་རྣམས་ལ་མཚོན་ན་དེ་བས་དཀའ་ལས་ཆེ་བ་འཕྲད་ཀྱི་ཡོད་འདུག དེ་ཡང་ཨ་རིའི་ཁོ་ལོ་ར་ཌོ་གཙུག་ལག་སློབ་གྲྭ་ཆེན་མོའི་ (University of Colorado) སློབ་དཔོན་ཨེ་མི་ལུ་ཡེ་ཟེར་བ་ཞིག་གིས། གྲོང་གསེབ་ཀྱི་མི་རྣམས་དཔལ་འབྱོར་མཁོ་སྒྲུབ་དང་སློབ་སྦྱོང་གི་གོ་སྐབས་ཆེད་ལྷ་སར་ཡོང་གི་ཡོད་ནའང་། དོན་དངོས་ཐོག་ཁོ་ཚོ་ལྷ་སའི་སྤྱི་ཚོགས་ཀྱི་འཁོས་སྟབས་ཞན་པའི་གྲལ་དུ་ལྷག་གི་ཡོད་པ་རེད། ཅེས་བརྗོད་ཡོད་འདུག

 

དེ་བཞིན་རྒྱ་གར་དུས་བབ་གསར་ཤོག་གི་གནས་ཚུལ་ནང་། ལྷ་ས་ལྟ་བུའི་གྲོང་ཁྱེར་ནང་ཡོང་འབབ་ཆེ་བའི་ལས་ཀ་གཙོ་བོ་ནི་གཞུང་གི་ལས་ཀ་རྣམས་ཡིན་ཞིང་། དེ་དག་ནང་ཞུགས་མཁན་ཡང་སློབ་གྲྭ་ཆེན་མོ་ཐོན་པའི་ན་གཞོན་རྣམས་ཡིན་ནའང་། སྤྱི་ཡོངས་ནས་ལས་ཀའི་གོ་སྐབས་དང་སློབ་ཐོན་གཞོན་སྐྱེས་ཀྱི་གྲངས་འབོར་ལ་ཁྱད་པར་ཆེན་པོ་ཡོད་སྟབས། གཞོན་སྐྱེས་ཁྲོད་དུའང་འགྲན་རྩོད་ཆེན་པོ་ཡོད་ཅིང་། རྒྱ་ནག་གཞུང་གིས་གྲངས་ཐོ་ལྟར་ན། འདས་པའི་ལོ་བཅུ་ཕྲག་གཅིག་ནང་བོད་ནང་གནས་སྡོད་བྱེད་པའི་རྒྱ་རིགས་ཀྱི་གྲངས་འབོར་ཤུགས་ཆེར་འཕར་ཏེ། ད་ལྟའི་ཆར་བོད་ནང་གི་མི་འབོར་གྱི་བརྒྱ་ཆ་ ༡༢ ཟིན་གྱི་ཡོད་སྐོར་བཀོད་ཡོད་འདུག

 

འདས་པའི་ལོ་ཤས་ནང་རྒྱལ་ས་ལྷ་སའི་པོ་ཏ་ལ་དང་། ནོར་བུ་གླིང་ཁ། ཇོ་ཁང་། གཙུག་ལག་ཁང་ལྟ་བུ་བོད་མིའི་དད་རྟེན་དུ་གྱུར་བའི་གནས་ཆེན་རྣམས་སུ་རྒྱ་ནག་ནས་ཡོང་བའི་ཡུལ་སྐོར་སྤྲོ་འཆམ་པས་ཁེངས་ཀྱི་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཡུལ་སྐོར་སྤྲོ་འཆམ་པའི་དགོས་མཁོ་ལ་གཞིགས་ཏེ་གནས་ཆེན་ཁག་གི་ཉེ་འཁོར་ལ་ཞིག་གསོ་སོགས་བྱས་ཏེ་སྔར་གྱི་རྣམ་པ་ལ་འགྱུར་བ་ཤུགས་ཆེན་པོ་གཏོང་བཞིན་ཡོད་ལ། དེ་བཞིན་ས་གནས་ཀྱི་དད་ལྡན་པ་རྣམས་ཀྱི་མཆོད་མཇལ་དང་ཕྱག་སྐོར་སོགས་ཀྱི་དུས་ཚོད་ལའང་ཚོད་འཛིན་ཤུགས་ཆེན་བྱེད་ཀྱིན་ཡོད་པ་རེད།

བོད་ཀྱི་དུས་བབ་ལས་དྲངས།

About རྩོམ་སྒྲིག་པ།