བལ་ཡུལ་ནང་བོད་མིའི་རྩ་དོན་འཐབ་རྩོད་ཀྱི་ལས་འགུལ་རིགས་སྤེལ་དུ་འཇུག་རྒྱུ་མིན་ཟེར།

བལ་ཡུལ་གཞུང་གིས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཏེ། བལ་ཡུལ་ནང་བོད་དང་ཐའེ་ཝན་དང་འབྲེལ་བའི་ལས་འགུལ་གང་ཡང་སྤེལ་བཅུག་རྒྱུ་མིན་སྐོར་བརྗོད་འདུག

 

བལ་ཡུལ་ནང་གི་སྐྱབས་བཅོལ་བོད་མི་ཚོར་དམ་དྲག་སྔར་ལྷག་བྱེད་བཞིན་པའི་སྐབས་འདིར། རྒྱ་ནག་ཏུ་བཅའ་སྡོད་བལ་ཡུལ་གཞུང་ཚབ་པ་མཱ་ཧན་ཌི་ར་པན་ཌེ་ (Mahendra Bahadur Pandey) ཟེར་བ་ལྷ་སར་སོང་ནས། རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དང་། རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་གཙོ་ཝང་དབྱང་གཙོའི་བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་མགོ་ཁྲིད་ཆེ་དགྲ་ལྷ་སོགས་སུ་ཐུག་འཕྲད་བྱས་ཏེ། བལ་ཡུལ་གཞུང་གིས་མཐའ་གཅིག་ཏུ་རྒྱ་ནག་གཅིག་གི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་པ་མ་ཟད། བལ་ཡུལ་གྱི་མངའ་ཁོངས་ནས་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་རིགས་གཅིག་ཀྱང་སྤེལ་བཅུག་རྒྱུ་མིན་པའི་ཁས་ལེན་བྱས་ཡོད་པ་རེད།

 

སྐབས་དེར་གཞུང་ཚབ་པ་མཱ་ཧན་ཌི་ར་པན་ཌི་ཟེར་བས། བལ་ཡུལ་གཞུང་གིས་རྒྱ་ནག་གཅིག་གི་སྲིད་ཇུས་ལག་བསྟར་མུ་མཐུད་བྱས་ཏེ། བལ་ཡུལ་གྱི་མངའ་ཁོངས་ནས་ཕྱོགས་གཏོགས་གང་གིས་ཀྱང་རྒྱ་ནག་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་གཏན་ནས་སྤེལ་དུ་འཇུག་གི་མིན་ཞེས་དང་། ཉེ་བའི་ལོ་ཤས་རིང་བོད་དང་བལ་ཡུལ་བར་ཚོང་དོན་དང་ཡུལ་སྐོར། མ་འཇོག་སོགས་མཉམ་ལས་ཀྱི་རྨང་གཞི་ཟབ་པོ་བཏིང་ཡོད་པ་དང་། བོད་ནི་བལ་ཡུལ་དང་རྒྱ་ནག་གཉིས་ཀྱི་བགྲོད་ལམ་གལ་ཆེན་ཞིག་ཡིན་པས། རྒྱལ་ཁབ་གཉིས་པོས་གོ་སྐབས་མཉམ་སྤྱོད་དགོས་སྐོར་སོགས་བརྗོད་ཡོད་འདུག

 

རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ད་རེས་བལ་ཡུལ་གཞུང་ཚབ་པས་བལ་ཡུལ་གྱི་མངའ་ཁོངས་ནས་བོད་དང་ཐའེ་ཝན་དང་འབྲེལ་བའི་ཆབ་སྲིད་ཀྱི་ལས་འགུལ་རིགས་གཅིག་ཀྱང་སྤེལ་དུ་འཇུག་རྒྱུ་མིན་པ་ཁས་ལེན་བྱས་ཡོད་ཅིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་གཙོ་ཝང་དབྱང་གིས། བལ་ཡུལ་གཞུང་གིས་སོ་སོའི་མངའ་ཁོངས་སུ་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་མ་བཅུག་པར་རྒྱ་ནག་ལ་རྒྱབ་སྐྱོར་བྱས་པར་བསྔགས་བརྗོད་བྱས་ཡོད་ཟེར།

 

ཉེ་ལམ་ཕྱི་ཟླ་ ༧ ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་ ༤༧ སྟེང་། རྒྱལ་སྤྱིའི་སྲིད་གཞུང་ཁག་གི་ལོ་འཁོར་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བསྐྱར་ཞིབ་གནང་སྐབས། བལ་ཡུལ་གཞུང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་རྒྱལ་ཁབ་ཁག་གི་འབོད་སྐུལ་སྣང་མེད་དུ་བཞག་སྟེ། བལ་ཡུལ་གྱི་བོད་མི་རྣམས་ལ་ཐོབ་ཐང་ལག་ཁྱེར་གྱི་གཙོས་སློབ་གསོ་དང་ཁྲིམས་མཐུན་གྱི་ལས་རིགས། དེ་བཞིན་སྨན་བཅོས་དང་གཞུང་ཞབས་སོགས་ཀྱི་ལས་ཀའི་གོ་སྐབས་འཐོབ་ཀྱི་མེད་སྟབས་བོད་མི་ཚོར་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་། བལ་ཡུལ་གཞུང་གིས་ཕྱི་ལོ་ ༡༩༥༡ ལོར་བཞག་པའི་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་སྲུང་སྐྱོབ་ཀྱི་དོན་ཚན་གཞིར་བཟུང་བོད་མི་སྐྱབས་བཅོལ་བ་རྣམས་སྲུང་སྐྱོབ་ཐུབ་མེད་པའི་གནས་སྟངས་མངོན་གསལ་བརྗོད་ཡོད།

 

ཕྱི་ལོ་ ༢༠༡༩ ལོར་ཞི་ཅིན་ཕིན་རྒྱ་གར་དུ་སྐོར་བསྐྱོད་ཡོང་སྟེ་ཕྱིར་ལོག་སྐབས་བལ་ཡུལ་དུ་ཉིན་གཅིག་རིང་བསྡད་ཡོད་པ་དང་། སྐབས་དེར་བལ་ཡུལ་གཞུང་གིས། རྒྱ་ནག་དང་བལ་ཡུལ་བར་རྒྱལ་མཚམས་བརྒལ་མཁན་གྱི་ཉེས་ཅན་པ་རྩིས་སྤྲོད་སོགས་གཙོ་བོར་གྱུར་བའི་གྲོས་གཞི་དོན་ཚན་ ༢༠ ལ་མོས་མཐུན་མིང་རྟགས་བཀོད་ཡོད་པ་དང་། བལ་གཞུང་ནས་བོད་མི་སྐྱབས་བཅོལ་བ་རྒྱ་ནག་ལ་རྩིས་སྤྲོད་བྱེད་པར་ཁས་ལེན་བྱས་མེད་སྐོར་བསྒྲགས། འོན་ཀྱང་། ཕྱི་ལོ་ ༢༠༢༠ ཟླ་ ༡ ནང་བལ་ཡུལ་གཞུང་གིས་སྐྱབས་བཅོལ་བོད་མི་རྣམས་རྒྱ་ནག་ལ་རྩིས་སྤྲོད་ཀྱི་གྲོས་གཞིར་མོས་མཐུན་བྱས་པའི་གནས་ཚུལ་ཕྱིར་གྱར་ཡོད་ལ། ཕྱི་ལོ་ ༢༠༡༠ ནས་ ༢༠༡༩ བར་བལ་ཡུལ་གཞུང་གིས་སྐྱབས་བཅོལ་དུ་བྲོས་བྱོལ་ཡོང་མཁན་གྱི་བོད་མི་མང་དག་ཅིག་རྒྱ་ནག་ལ་རྩིས་སྤྲོད་བྱས་ཡོད་པ་ཡོངས་གྲགས་ཆགས་ཡོད།

བོད་ཀྱི་དུས་བབ་ལས་དྲངས།

About རྩོམ་སྒྲིག་པ།