བོད་ནང་གི་ངལ་རྩོལ་སྒྱུར་བཀོད་ཀྱི་ལས་གཞིར་རང་དབང་ཞིབ་འཇུག་བྱེད་དགོས་པའི་སྐུལ་མ་བཏང་འདུག

རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་རྣམས་བཙན་གྱིས་ངལ་རྩོལ་སྒྱུར་བཀོད་ཁང་དུ་འཇུག་གི་ཡོད་པའི་ཐད་ཡུ་རོབ་གྲོས་ཚོགས་ཀྱིས་སེམས་འཚབ་བསྟན་པ་དང་འབྲེལ། རྒྱལ་སྤྱིའི་རང་དབང་ཞིབ་འཇུག་ཚོགས་པ་ཞིག་བོད་ནང་འགྲོ་བཅུག་དགོས་པའི་སྐུལ་མ་བཏང་འདུག

 

ཁ་སང་ཡུ་རོབ་རྒྱལ་ཁབ་ཧྥ་རན་སིའི་གྲོང་ཁྱེར་སི་ཊར་ཟི་བྷ་ (Strasbourg) ཡི་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་གྲོས་ཚོགས་ཁང་དུ། རྒྱ་ནག་དང་ཡུ་རོབ་བར་ཡིག་འབྲུ་ཁྲི་གཅིག་ལྷག་ལྡན་པའི་ཕྱི་འབྲེལ་སྲིད་ཇུས་ཤིག་གཏན་འབེབས་བྱས་པའི་ནང་། དམིགས་བསལ་རྒྱ་ནག་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་བརྩི་བྱ་དགོས་པའི་དོན་ཚན་ ༡༣ ལུང་འདྲེན་དང་། བྱེ་བྲག་ཏུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་དོན་ཚན་གསུམ་དྲངས་ཏེ། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་རྣམས་བཙན་གྱིས་ངལ་རྩོལ་སྒྱུར་བཀོད་ཁང་དུ་འཇུག་གི་ཡོད་པར་སེམས་འཚབ་བསྟན་པ་དང་འབྲེལ། རྒྱ་ནག་གཞུང་གིས་ཡུ་རོབ་དང་རྒྱལ་སྤྱིའི་རང་དབང་ཞིབ་འཇུག་ཚོགས་ཆུང་ཞིག་འཕྲལ་དུ་བོད་ནང་གི་དངོས་ཡོད་གནས་སྟངས་ལ་ཞིབ་འཇུག་བྱེད་པར་བསྐྱོད་བཅུག་དགོས་པ་ནན་སྐུལ་བྱས་ཡོད་འདུག

 

བོད་ཀྱི་འཐབ་རྩོད་དང་འབྲེལ་བའི་ཡུ་རོབ་མཐུན་ཚོགས་ཀྱི་གཏན་འབེབས་སྲིད་ཇུས་དོན་ཚན་ ༡༥ བ་དེའི་ནང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་བྷ་ཆི་ལེ་ཊི (Michelle Bachelet) ལགས་ཀྱིས། རྒྱ་ནག་གཞུང་གིས་རིགས་རྒྱུད་རྩ་གཏོར་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་སོགས་འགྲོ་བ་མིའི་རིགས་ལ་ནག་ཉེས་བཟོས་པ་དང་། རྒྱ་ནག་གི་ས་ཁུལ་འགའ་ཤས་སུ་ངལ་སྩོལ་སྒྱུར་བཀོད་ཁང་བཙུགས་ཏེ་བཙན་དབང་གིས་ངལ་སྩོལ་བྱེད་དུ་འཇུག་གི་ཡོད་པར་རང་དབང་ངང་ཞིབ་འཇུག་བྱེད་དགོས་པའི་འབོད་ཚིག་བསྒྲགས་ཡོད་པ་ལྟར།  ཡུ་རོབ་མཐུན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གིས་རྒྱལ་སྤྱིའི་འབོད་སྐུལ་དེར་རྒྱབ་སྐྱོར་གྱིས། རྒྱ་ནག་གཞུང་ནས་ངེས་པར་དུ་དམིགས་བསལ་ཧ་ཅང་བློ་འཚབ་སྐྱེས་ཡུལ་དུ་གྱུར་བའི་བོད་ནང་གི་ངལ་རྩོལ་སྒྱུར་བཀོད་ཁང་གི་གཙོས་ཤིན་ཅང་དང་ནང་སོག་སོགས་སུ། རྒྱལ་སྤྱིའི་རང་དབང་ཞིབ་འཇུག་ཚོགས་པ་ཞིག་བསྐྱོད་བཅུག་དགོས་པའི་སྐུལ་མ་གཏོང་གི་ཡོད། མ་ཚད་རྒྱ་ནག་གཞུང་གིས་རང་དང་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་བརྩི་བཀུར་བྱ་དགོས་ཀྱི་ཡོད། ཅེས་འཁོད་འདུག

 

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་བའི་དོན་ཚན་ཁག་གི་མགོར་རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་ཐོག་ནས་བོད་དང་ཡུ་གུར། ནང་སོག་དང་ཊར་ཁེ་ཁ་ཆེ་བ། ཡེ་ཤུ་ཆོས་ལུགས་པ་སོགས་གྲངས་ཉུང་མི་རིགས་ཀྱི་མི་མང་རྣམས་གཞི་རྩ་མེད་པའམ་ཉེས་མེད་ཉེས་འཛུགས་དང་གང་བྱུང་འཛིན་བཟུང་བཀག་ཉར། འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་སོགས་ལ་དྲག་རྒོལ་གྱིས། འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་སྤྱི་སྙོམས་སྒྲིག་སྲོལ། གུ་ཡངས་འཇིག་རྟེན་བཅས་ཀྱི་རིན་ཐང་སོགས་གཏོར་བཤིག་གཏོང་གི་ཡོད་པའི་སྐྱོན་བརྗོད་དང་འབྲེལ། རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁས་ལེན་བྱས་པ་ལྟར། ཧོང་ཀོང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་མུ་མཐུད་རྒྱུན་སྐྱོང་གིས་འཛིན་བཟུང་བཀག་ཉར་འོག་གནས་པའི་ཧོང་ཀོང་གི་དམངས་གཙོ་དང་རང་དབང་འཐབ་རྩོད་པ་རྣམས་ཀློད་གྲོལ་གཏོང་དགོས་པའི་སྐུལ་མ་ཡང་བཏང་འདུག

 

ཁ་སང་གི་སྲིད་ཇུས་གཏན་འབེབས་སྐབས། ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ ༤༠ འོས་ལྡུག་མེད་པ་དང་། འཐུས་མི་ ༦༡ གིས་རྒྱབ་སྐྱོར་བྱས་མེད་པ། གྲོས་ཚོགས་འཐུས་མི་ ༥༧༠ ཡིས་རྒྱབ་སྐྱོར་བྱས་ཏེ། མང་མོས་ཐོག་ཡུ་རོབ་དང་རྒྱ་ནག་བར་གྱི་ཕྱི་འབྲེལ་སྲིད་ཇུས་ཞེས་པ་གཏན་འབེབས་བྱུང་ཡོད་པ་དང་། སྲིད་ཇུས་དེ་ནི་ཡུ་རོབ་གྲོས་ཚོགས་ཀྱིས་ཕྱི་ལོ ༢༠༢༤ བར་ལག་བསྟར་བྱེད་གཏན་འཁེལ་ཡོད་ཅིང་། དེ་དང་འབྲེལ་ནས་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གིས། རྒྱ་ནག་དང་ལྷན་དུ་མཉམ་ལས་དང་ཚོང་འབྲེལ་བྱེད་སྐབས། དུས་ནམ་ཡང་ཡུ་རོབ་མཐུན་ཚོགས་ཀྱི་མངོན་འདོད་གཙིགས་སུ་འཛིན་དགོས་པ་དང་། རྒྱ་ནག་ཕྱོགས་གང་ས་ནས་ཡུ་རོབ་མཐུན་ཚོགས་ཀྱི་ཚོང་རོགས་ཆགས་ཡོད་ཀྱང་། ཚོང་འབྲེལ་གྱི་འགྲན་ཡ་དང་ཡུ་རོབ་མཐུན་ཚོགས་ཀྱི་སྒྲིག་འཛུགས་ཀྱི་ཁ་གཏད་པ་ཞིག་ཡིན་པ་བརྗེད་མི་ཉན་ཚུལ་སོགས་ཀྱང་དྲན་སྐུལ་བྱས་ཡོད་འདུག

 

གཞན་ཡང་ད་ལན་ཡུ་རོབ་གྲོས་ཚོགས་ཀྱི་སྲིད་ཇུས་གཏན་འབེབས་དང་འབྲེལ་ནས། ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་ཏུ་འཚོག་གཏན་འཁེལ་བའི་ཨོ་རྩལ་འགྲན་ཚོགས་སྐོར་གླེང་སློང་གང་ཡང་བྱས་མི་འདུག་ལ། སྤྱིར་ཉེ་བའི་ཟླ་འགའི་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་བརྒྱ་ལྷག་ནས་ཡུ་རོབ་ཀྱི་མགོ་ཁྲིད་རྣམས་ལ་ཞུ་ཡིག་ཕུལ་ཏེ། ཡུ་རོབ་ཀྱི་རྩེད་འགྲན་ལུས་རྩལ་བ་རྣམས་རྒྱ་ནག་གི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་སྟེང་མཉམ་ཞུགས་མི་གནང་རྒྱུའི་རེ་སྐུལ་ཞུས་ཡོད་པ་རེད།

བོད་ཀྱི་དུས་བབ་ལས་དྲངས།

About རྩོམ་སྒྲིག་པ།