བོན་དགོན་སྒུར་པའི་སྐྱང་ཚང་དགོན་པ།

སྒུར་པའི་སྐྱང་ཚང་དགོན་རྣམ་རྒྱལ་ཀུན་གྲགས་གླིང་ནི།རབ་བྱུང་མ་ཚུགས་སྔོན་ཙམ་ལ་རིག་འཛིན་སྐྱང་འཕགས་ཆེན་པོའི་མེས་པོ་འབྲུ་ཞིག་ཉི་མ་གྲགས་པས་མདོ་སྨད་ལྷོ་རྒྱུད་གོ་ཚང་རྫ་རིའི་ཤར་ངོས་རོང་སྡེ་ཉག་རྩུབ་མའི་སར་རི་ཁྲོད་ཅིག་ཕྱག་བཏབ་ཅིང་།གྲུབ་མཐའ་བོན་པོ་ཡིན།དེ་ནས་ཁོང་དེར་བཞུགས་ནས་གསང་སྒོམ་མཐིལ་དུ་ཕེབས་པར་མཛད་ཅིང་།ཡུལ་འདིར་བོན་བསྟན་དར་བའི་ཐུགས་སྨོན་དང་ཞལ་བཀོད་གནང་།དགོན་འདི་ནི་དེང་རྒྱ་ནག་གི་སྲིད་འཛིན་ཁྱབ་བགོས་ལྟར་ན།སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་མཛོད་དགེ་རྫོང་ཁོངས་སུ་ཡོད།དེ་ཡང་སྒུར་པ་ཞེས་པ་ནི།ཆུ་ཆེན་ཁའི་ཀླུ་ཐང་ལས་ས་མཐོ་ཞིང་སྒུར་ཐོག་ཏུ་ཡོས་པས་སྒུར་པ་ཞེས་དང་།དེ་ནས་གོ་ཚང་སྤུན་དགུ་ཞེས་རྫ་རི་མཐོན་པོ་རྩེ་མོ་དགུ་ཡོད་པའི་མདུན་ཞོལ་དུ་སྡེ་ཤོག་དགུ་ཡོད་པས་དགུ་པ་ཞེས་འབོད་ཚུལ་གཉིས་བྱུང་བར་བཤད།
རབ་བྱུང་དང་པོའི་ནང་འབྲུ་ཞིག་ཉི་མ་གྲགས་པའི་སྲས་འབུམ་སྐྱབས་ཀྱི་སྐུ་དུས་ལ།ནང་རྟེན་དུ་སྔོན་སྟོད་ནས་དྲངས་པའི་སྟོན་པའི་སྐུ་བརྙན་སོགས་དང་།དེ་བཞིན་སྟོན་པ་རྣམ་གསུམ་གྱི་སྐུ་བརྙན་བཞེངས་ཏེ་དགོན་པ་རྒྱ་བསྐྱེད་གནང་།སྐབས་དེར་རི་ཁྲོད་པའང་འགའ་རེ་བཞུགས།ཁོང་གིས་གསང་སྔགས་ཀྱི་བསྙེན་སྒྲུབ་དང་རིམ་དང་རིམ་གཉིས་ཉམས་བཞེས་ཀྱིས་གྲུབ་པ་མངོན་དུ་གྱུར་པ་དང་།དེ་བཞིན་གཏོ་དང་མོ་སོགས་བོན་ལུགས་ཀྱི་ཆོ་ག་མང་པོས་འགྲོ་དོན་བསྐྱངས་ཏེ།ཕྱིས་སུ་ཁོང་ལ་སྐྱང་རྩེ་ཚང་ཞེས་གྲགས།
ཁོང་ལ་སྲས་བཞི་བྱུང་བའི་ཐ་ཆུང་འཕགས་པ་སྐྱབས་ལ་ཕྱིས་སུ་སྐྱང་རྩེ་འཕགས་པའམ་སྐྱང་འཕགས་ཞེས་འབོད་ཅིང་།འགྲོ་མགོན་སྐྱང་འཕགས་ཆེན་མོ་ཡབ་སྲས་ཀྱིས་རབ་བྱུང་བཅུ་གཉིས་པ་སྟེ།ཕྱི་ལོ་དུས་རབས་བཅུ་གཅིག་པར་དགོན་ཆུང་ཞིག་བཏབ་ཏེ་གསས་ཁང་བཞེངས་ཤིང་།སྐུ་བརྙན་གཏེར་མ་འགའ་དང་སྟོན་པའི་སྐུ་སོགས་ལྷ་གཤེན་སྲིད་པ་གསུམ་གྱི་སྐུ་བརྙན་སོགས་ཀྱི་ནང་རྟེན་དང་།སྒྲུབ་ཁང་དུ་སྐུ་གསུམ་ཁྲོ་རྒྱལ་སྐུ་བརྙན།མ་ཅིག་སྲིད་རྒྱལ་དཔའ་གཅིག་གསེར་སྐུ་རང་བྱུང་སོགས་བཞུགས་ལ།དེ་བཞིན་གཡུང་དྲུང་བོན་གྱི་འཆད་ཉ་སྒོམ་སྒྲུབ་ཀྱིས་སྨིན་གྲོལ་བསྟན་པ་རིམ་བཞིན་གོང་འཕེལ་གྱིས།མཚན་ལ་ཐང་ཞིང་གཡུང་དྲུང་གླིང་ཞེས་གསོལ།གཞན་ཡང་དགོན་འདིར་ཉིན་ཀའི་དགོན་ནམ་སྐྱང་ཚང་དགོན་ཞེས་འབོད་པའང་ཡོད།

སྒུར་པའི་འགོ་པ་བསོད་ནམས་འབུམ་བུ་རྒྱུད་སོགས་དད་ལྡན་བདག་རྣམས་ཀྱིས་བླ་བྲང་སོགས་བཞེངས་པ་དང་།ཐང་ཞིང་འགོ་པས་ཐང་ཞིང་ཁྱིམ་ཚང་བདུན་ཆབ་འབངས་སུ་ཕུལ།སྐྱང་དགོན་ཁག་ཅེས་པ་དབུ་སྐྱང་འཕགས་ཆེན་མོའི་སྐུ་དུས་སུ་ཚུགས་པས་ཁོང་ནི་གདུང་རབས་དང་པོ་ཡིན།
རབ་བྱུང་གཉིས་པའི་སྨད་ཙམ་ལ་སྐྱང་སྲས་ཐོག་རྒོད་ནམ་མཁའ་རྒྱལ་མཚན་གྱིས་ཤར་དུང་རིའི་དུང་མཚོ་དཀར་མོ་ནས་གཏེར་དུ་བཞེས་པའི་རང་བྱུང་གསེར་གྱི་མཆོད་རྟེན་སོགས་མཆོད་རྟེན་བྱིན་ཅན་འགའ་ཡོད་ལ།རྣམ་རྒྱལ་ལྷ་ཁང་གི་ནང་རྟེན་དུ་གཏེར་ནས་བཏོན་པའི་གསེར་སྐུ་གཤེན་རབ་རྣམ་པར་རྒྱལ་བ་ལོ་བརྒྱད་ཚད་ཅན་སོགས་དང་།གསུང་རབ་མང་པོ་བཞུགས།དེ་བཞིན་དགོན་པའི་མཚན་ལ་རྣམ་རྒྱལ་ཀུན་གྲགས་གླིང་ཞེས་གསོལ།
གདུང་རབས་ཉེར་གཅིག་པ་སྐྱང་ཚང་དབོན་པོ་རིན་ཆེན་རྒྱལ་མཚན་གྱི་སྐབས།གྲྭ་ཚོགས་འཕེལ་ཏེ་མཁས་མང་འདུས་སྡེ་རྒྱ་མཚོ་ཞེས་སྔར་གྱི་འདུ་ཁང་ནང་མ་ཤོང་བས་འདུ་ཁང་ཀ་བ་བརྒྱ་ཕྲག་ཅན་བཞེངས་ཤིང་།སྐུ་རྟེན་ལ་སྟོན་པ་རྣམ་གསུམ་དང་ཤེས་རབ་བྱམས་པ་སོགས་བཞེངས།གསུང་རྟེན་ལ་ཀློང་རྒྱས་དང་རྣམ་དག་པདྨ་ཀློང་ཡངས།རྣམ་དག་མཆོད་གཞུང་སོགས་གླེགས་བམ་མང་པོ་འབྲི་བཞེངས།དེ་ནས་དགེ་འདུན་པའི་སྤྱི་ཁང་སོགས་བཞེངས་ཤིང་།དགོན་པའི་མཚན་ལ་སྒུར་པའི་སྐྱང་ཚང་དགོན་དཔལ་གཤེན་བསྟན་གཡུང་དྱུང་བསྟན་རྒྱས་གླིང་ཞེས་གསོལ།
རབ་བྱུང་བཅུ་དྲུག་པའི་ལྕགས་སྟག་ཕྱི་ལོ་༡༩༥༠ལོའི་མེ་སྐྱོན་གྱིས་འདུ་ཁང་ཀ་བརྒྱ་མ་དང་སྒྲུབ་ཁང་གཉིས་མ་གཏོགས་རྟེན་བརྟེན་པ་རྣམས་འཇིག དེ་ནས་ཕྱི་ལོ་༡༩༥༡ལོར་ད་ལྟའི་དགོན་གནས་རྒྱ་དུར་ཁར་གནས་སྤོས་ཏེ་བསྐྱར་བཞེངས་གནང་།ཕྱི་ལོ་༡༩༥༨ལོའི་དུས་འགྱུར་དང་རིག་གནས་གསར་བརྗེ་སྐབས།བོད་ཁུལ་གྱི་དགོན་སྡེ་ཡོངས་དང་འདྲ་བར་གཏོར་བཅོམ་ཚབ་ཆེན་ཐེབས།ཕྱིས་རྒྱ་ནག་གི་ཆོས་ལུགས་སྲིད་བྱུས་ཅུང་གུ་ཡངས་ཀྱི་རྣམ་པ་བྱུང་རྗེས་ཏེ།ཕྱི་ལོ་༡༩༨༢ལོར་དགོན་བསྐྱར་བཞེངས་བྱས་ཤིང་།དགོན་འདིར་སྐྱང་འཕགས་ཆེན་མོ་ནས་རིན་ཆེན་རྒྱལ་མཚན་དབར་གདུང་རབས་སོ་གཅིག་བྱུང་བ་བཅས་ངོ་སྤྲོད་མདོར་བསྡུས་ཡིན།

About རྩོམ་སྒྲིག་པ།