རྟོགས་ལྡན་དགོན།

རྟོགས་ལྡན་དགོན་ནི་མདོ་སྨད་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་རྔ་བ་གྲོང་བརྡལ་དུ་ཡོད། གྲུབ་མཐའ་གཡུང་དྲུང་བོན། སྤྱི་ལོ་༡༣༨༥ལོར་བྱ་ཆེན་ཉི་མ་འཛིན་གྱིས་རྨང་བཏང་་ཞིང་མཚན་ལ་བོན་སླེབས་དར་རྒྱས་དགོན་ཞེས་བཏགས། སྤྱི་ལོ་༡༨༢༦ལོར་རྟོགས་ལྡན་བླ་རབས་དང་བོ་གཡུང་དྲུང་ཚུལ་ཁྲིམས་སྐུ་འཁྲུངས། ཁོང་གི་སྐུ་རིང་ལ་གཙང་དགོན་དུ་བསྒྱུར།དེ་ནས་བཟུང་ད་བར་དུ་ཁྲི་འཛིན་བླ་རབས་བཅུ་གསུམ་གྱི་རིང་ལ་བཤད་སྒྲུབ་སྒོམ་གསུམ་གྱི་བསྟན་པ་བཟུང་། གླིང་འདི་ལ་གྲྭ་ཚང་བཞི་དང་གླིང་ཆེན་གསུམ་ལས་གྲུབ་ཡོད། གྲྭ་འབོར་ད་ལྟ་དངོས་ཡོད་གསུམ་བརྒྱ་དང་ལྔ་བཅུ་ལྷག་ཡོད། ཁྱབ་ཁུངས་ལ་དགོན་མ་ལག་བཅུ་གསུམ་ཡོད། ཡོན་བདག་གི་མངའ་ཁུངས་མདོ་དབུས་ཁམས་གསུམ་དང་རྒྱལ་ཕྱི་ནང་ལྷག་པར་སི་ཁྲོན་དང་མཚོ་སྔོན་ལ་ཁྱབ་ཡོད། མདོར་ན་བཤད་སྒྲུབ་སྒོམ་གསུམ་བསྟན་པ་མཚོ་ལྟར་རྒྱས་ནས་ཡོད།ལོ་རྒྱུས་རྒྱས་པར་གཟིགས་འདོད་ན་རྟོགས་ལྡན་ཁྲི་བ་རིན་པོ་ཆེས་མཛད་པའི་བླ་རྒྱུད་རྣམ་ཐར་དང་རྟོགས་ལྡན་ཚུལ་ཆེན་རིན་པོ་ཆེས་མཛད་པའི་རྟོགས་ལྡན་དགོན་གྱི་ལོ་རྒྱུས་ལ་གཟིགས་པར་འཚལ།

About ལས་འབྱེད།