མགར་རྩེ་གྱ་ས་དགོན་ཐུབ་བསྟན་ཆོས་འཁོར་གླིང་ནི། རོང་བོ་དགོན་ཆེན་གྱི་ཤར་གྱི་ཕྱོགས་སུ་སྤྱི་ལེ་སུམ་བཅུའི་མཚམས། ད་ལྟའི་རེབ་གོང་ཐུན་རིན་རྫོང་མགར་རྩེ་ཞང་གི་གོང་རོལ་དུ་ཆགས་ཡོད། དེ་ནི་ཐོག་མར་མགར་སྟོན་དམ་པ་ཆོས་སྡིངས་ལ་རིགས་སྲས་གསུམ་ཡོད་པའི་ཡ་གྱལ་གྱ་ས་མགར་རྩེ་ནས་གནས་གཞི་བཟུང་བ་དེས་འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་དང་སྲོལ་སྤེལ་ཕྱིར། སྟག་ཡན་དང་ཨ་པོ་སྐྱབས་ཞེས་པའི་གནས་དེར་སྒྲུབ་རྒྱུད་ཀྱི་བསྟན་པ་འཛིན་པའི་འདུས་སྡེ་ཞིག་ཕྱག་འདེབས་མཛད། གྲུབ་མཐའ་འབྲི་གུང་བཀའ་བརྒྱུད་པ་ཡིན། དེ་ཡུན་རིང་དུ་མ་གནས་པར་ཉམས་ཆག་སོང་བར་བརྟེན། དགོན་ས་ལེགས་ཆགས་ཐང་དུ་སྤོས་ཏེ་དར་རྒྱས་ཅུང་ཙམ་བྱུང་། དེ་ནས་མགར་སྟོན་དམ་པ་ཆོས་སྡིངས་ནས་བརྒྱུད་པའི་མགར་བླ་མ་ལྕགས་འཕྲེང་ཅན་གྱིས། མེས་པོས་བཏབ་པའི་ལེགས་ཆགས་ཐང་གི་དགོན་པ་དེ་སྒྲོག་ཁུག་གི་དགོན་པ་དེ་སྒྲོག་ཁུག་ཏུ་སྤོས་ཤིང་མེས་པོའི་རྣམས་ཀྱིས་བསྟེན་པའི་སྲུང་མ་ཤ་ཟ་ཧོར་མོ་ལ་འཕྲིན་ལས་བཅོལ་གཉེར་དུ་གཏད་དེ་དགོན་སྡེ་ལེགས་པར་བསྒྱུར། རྗེས་སུ་མགར་རྩེ་སྐུ་ཕྲེང་གཉིས་པ་མགར་རྩེ་བཀའ་བཅུ་པས་ཉིད་ཀྱི་ཐུགས་སྨོན་དང་བླ་མའི་ལུང་བསྟན་བཞིན་སྒྲོག་ཁུག་གི་དགོན་པ་དེ་གྲུན་མཐའ་དགེ་ལུགས་པར་བསྒྱུར། སྡེ་སྣོད་གསུམ་གྱི་འཆད་ཉན་གཙིས་བཤད་གྲྭ་བཙུགས་པ་དང་། སྲུང་མའི་གཙོ་བོ་དཔལ་མགོན་ཞལ་བཞི་པ་ལ་འཕྲིན་ལས་གཉེར་དུ་གཏད། དེ་ནས་བཟུང་སྟེ་ད་ལྟའི་བར་མགར་རྩེ་དགོན་པའི་སྲུང་མའི་གཙོ་བོ་དཔལ་མགོན་ཞལ་བཞི་བ་དང་ཤ་ཟ་ཧོར་མོ་གཉིས་ཡིན། ཕྱིས་སུ་ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་དགོན་པ་ཉམས་ཆགས་སུ་གྱུར་པ་ན། མགར་རྩེ་སྐུ་ཕྲེང་གསུམ་པ་ཁྲི་རྒན་མཁས་མཆོག་རྒྱ་མཚོས། ལ་ཁ་གྲུབ་ཆེན་དང་ནང་སོ་རྒན་པ་ངག་དབང་ཤེས་རབ་གཉིས་ལ་བཀའ་བགྲོས་བྱས་ནས། སྒྲོག་ཁུག་ཏུ་ཡོད་པའི་བཤད་གྲྭའི་ དགོན་པ་དེ་ད་ལྟའི་དགོན་གནས་རོང་ཅོང་མདོ་འདིར་སྤོས་ཏེ། འདུ་ཁང་ཆུང་བ་སོགས་གསར་བཞེངས་མཛད་པ་དང་། ནང་རྟེན་ལ། ཐུབ་པ་ཆོས་འཁོར་མ་དང༌། ལ་ཁ་གྲུབ་ཆེན་གྱིས་དཀར་རིས་དགོན་པ་ནས་གདན་དྲངས་པའི་སངས་རྒྱས་སྟོང་སྐུ་རྒྱ་གར་ཤར་ལི་དང་། ཇོ་སྐུ་སོགས་སྐུ་གསུང་ཐུགས་རྟེན་མང་པོ་བཞུགས། །དགོན་མིང་ལ་མགར་རྩེ་དགོན་ཐུབ་བསྟན་ཆོས་འཁོར་གླིང་ཞེས་པའི་མཚན་གསོལ་ཏེ་ཕྱག་འདེབས་མཛད། གྲུབ་མཐའ་དགེ་ལུགས་པ་ཡིན། མགར་རྩེ་སྐུ་ཕྲིང་བཞི་བ་འཀིགས་མེད་ངག་དབང་འཇམ་དབྱངས་སྐུ་ན་ཕྲ་བར་བརྟེན། འཆད་ཉན་ཀྱི་རྒྱུན་ཀྱང་སྐྱོང་མ་ཐུབ་པར་ཉམས་ཆགས་སུ་གྱུར་པ་ན། རྗེ་འདི་བ་གཙོ་བྱས་སེར་སྐྱ་མང་ཚོགས་ཡོངས་ནས་བསེ་སྐུ་ཕྲེང་གཉིས་པ་ངག་དབང་འཇམ་དབྱངས་བཀྲ་ཤིས་དཔལ་བཟང་པོར་གསོལ་བ་ནན་ཆེར་བཏབ་པ་ལ་བརྟེན་ནས། བསེ་ཚང་གིས་བཀྲ་ཤིས་འཁྱིལ་བའི་བཀའ་བཅུ་པ་དགེ་ལེགས་རབ་རྒྱས་ཁྲི་པར་བཞག་སྟེ། འཆད་ཉན་གྱི་རྒྱུན་ཉམས་པ་སླར་གསོ་མཛད་པ་དང་། ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང་འགྲིག་ལམ་རྣམས་དཔལ་ལྡན་བཀྲ་ཤིས་འཁྱིལ་བའི་ཕྱག་བཞེས་ཇི་ལྟ་བ་བཞིན་གསར་དུ་བཙུགས། །བཅའ་ཡིག་གསརའཇོག་གནང་། དེ་ནས་བཟུང་བསེ་སྐུ་ཕྲེང་དང་མགར་རྩེ་སྐུ་ཕྲེང་གཙོས། ཨ་རོལ་སྐུ་ཕྲེང༌། གྲུབ་དབང་འཇིགས་མེད་བསམ་གཏན། ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་མང་པོས་ཆོས་སྲིད་གཉིས་ཆར་ནས་ལེགས་པར་བསྐྱངས་པས་དགོན་པ་འདི་ཆོས་དང་འཇིག་རྟེན་གཉིས་ཀའི་ཕྱོགས་ནས་འཕེལ་རྒྱས་ཆེན་པོ་བྱུང་། དགོན་པ་འདིར་འདུ་ཁང་ཆེ་ཆུང་གཉིས་དང་། འཇམ་དབྱངས་ཀུན་གཟིགས་ལྷ་ཁང་། རྗེ་ལྷ་ཁང་། ཇོ་ཁང༌། མགོན་ཁང་། ཆོས་གྲྭ་ཆེན་མོ། རུང་ཁང་ཆེན་མོ། མ་ཎིཁང༌། མཆོད་རྟེན་ཆེ་ཆུང་གཉིས། ཨ་རོལ་ཚང་གི་ནང་ཆེན་ཁང་སེར་མ། ཏཱ་ལེ་མཁན་པོའི་གཟིམ་ཁང༌། བསེ་ཚང་དང་། མགར་རྩེ་ཆེ་ཆུང་གཉིས་ཀྱི་ནང་ཆེན། ནང་སོའི་གཞིས་ཤག་བེ་ཧུའི་གཞིས་ཤག གྲྭ་ཤག་བརྒྱ་ཕྲག་ཡས་མས་དང༌། བླ་སྤྲུལ་འགའ་དང་དགེ་འདུན་པ་ལྔ་བརྒྱ་ཙམ་བཞུགས། སྤྱི་ལོ1958ལོའི་དུས་གཟིར་དང་རིག་གསར་སྐབས་དགོན་པ་འདིའི་འདུ་ཁང་ཆེན་མོ་དང༌། ཇོ་ཁང་། ཆོས་གྲྭ། རུང་ཁང་། གཟིམ་ཁང་སེར་པོ། ནང་ཆེན་ཁག་གཉིས། གྲྭ་ཤག་གང་མང་དང་། ཁྱད་པར་དུ་སྐུ་གསུང་ཐུགས་རྟེན་ཐམས་ཅད་གཏོར་བཤིག་བཏང་། མཁས་བཙུན་གཉིས་ལྡན་གྱི་དགེ་འདུན་པ་རེ་ཟུང་བཙོན་འཇུག་དང་ལྷག་མ་རྣམས་གྲོང་ཁྱིམ་དུ་དེད། འཇམ་དབྱངས་ཀུན་གཟིགས་ལྷ་ཁང་དང་། རྗེ་ལྷ་ཁང་། ནང་སོ་བེ་ཧུའི་གཞིས་ཤག་རྣམས་མགར་རྩེ་ཞང་གི་ཚོང་ཁང་དང་མཛོད་ཁང་ལ་བཀོལ་སྤྱོད་བྱས། དགོན་ཤུལ་མགར་རྩེ་ཞང་གི་ལས་བྱེད་རྣམས་ཀྱི་སྡོད་གནས་སུ་བསྒྱུར། སྤྱི་ལོ་1981 ལོའི་ཟླ་དང་བོའི་ཚེས་བཅོ་ལྔ་ཉིན་སྒར་གྲོང་ཐུན་མོང་གིས་ཞུས་པ་ལྟར་བསེ་ཚང་གདན་ས་འདིར་ཕེབས་ནས་བཀྲ་ཤིས་གསོ་སྦྱོང་གནང་སྟེ་ཆོས་ཀྱི་སྒོ་ཐོག་མར་ཕྱེས། དེའི་སྐབས་མགར་རྩེ་སྐུ་ཕྲིང་བརྒྱད་པ་སྐལ་བཟང་བསྟན་པ་རྒྱ་མཚོ་མཆོག་ཉིད་ཕེབས་མ་ཐུབ་ཀྱང་ཚེས་ཉི་ཤུའི་ཉིན་གདན་སས་ཞབས་སེན་བཀོད་དེ། རྟེན་གསུམ་གྱི་སྐོར་མང་པོ་དགོན་པའི་ནང་རྟེན་དུ་ཕུལ། དགོན་པའི་ལྷ་སྡེ་གཙོ་བོ་ཨ་བུར་ཉིན་སྲིབ་གཉིས་ཀའི་སྦྱིན་བདག་རྣམས་ཀྱི་རོགས་རམ་ལ་བརྟེན་ནས་འཇམ་དབྱངས་ལྷ་ཁང་ལ་ཞིག་གསོ་བྱས་པ་དང་། ནང་་རྟེན་བསྐྱར་བཞེངས་གནང་སྟེ་དགེ་འདུན་འདུ་བའི་གཙུག་ལག་ཁང་དུ་བྱས། བླ་བྲང་ཤིས་འཁྱིལ་བའི་དགེ་བཤེས་བསམ་གཏན་རྒྱ་མཚོ་དགོན་པའི་དགེ་རྒན་ཆེན་མོ་དང་བླ་མ་སློབ་ཆུང་དུ་བཞུགས། སློབ་མ་རྣམས་ལ་སྔ་རྗེས་སུ་བསྡུས་གྲྭ་ནས་བཟུང་གཞུང་ཆེན་བཀའ་པོད་ལྔ་སོགས་ཀྱི་དཔེ་ཁྲིད་རྒྱས་པར་གནང་སྟེ་འཆད་ཉན་གྱི་རྨང་གཞི་བཙུགས། མགར་རྩེ་སྐུ་ཕྲེང་བརྒྱད་པས་གདན་དྲངས་པ་ལྟར་རྫོང་ཆུང་སྐུ་ཕྲེང་དྲུག་པ་དང་བསེ་ཚང་རྣམ་གཉིས་གདན་ས་འདིར་ཕེབས་ནས། འཇམ་དབྱངས་ཀུན་གཟིགས་ཀྱི་སྣང་བརྙན་གཙོས་རྟེན་དང་བརྟེན་པ་ཇི་སྙེད་བཞུགས་པ་རྣམས་ལ་རབ་གནས་རྒྱས་པ་བྱས། སྤྱི་ལོ1988ལོར་མགར་རྩེ་རིན་པོ་ཆེའི་ཐུགས་བཀོད་ལྟར་མཆོད་རྟེན་བསྐྱར་བཞེངས་མཛད། སློབ་གཉེར་པ་མང་ཆེ་བ་ཆོས་སྡེ་ཆེ་པོ་བཀྲ་ཤིས་འཁྱིལ་དུ་དཔེ་ཁྲིད་ལ་མངགས། བླ་བྲང་བཀྲ་ཤིས་འཁྱིལ་བའི་དགེ་བའི་བཤེས་གཉེན་ཆེན་པོ་དམ་ཆོས་རྒྱ་མཚོ་དགེ་རྒན་དུ་ཕེབས་ཏེ། སྔ་རྗེས་སུ་སློབ་གཉེར་པ་རྣམས་ལ་བསྡུས་གྲྭ་དང་གཞུང་ཆེན་མོ་རྣམས་ཀྱི་དཔེ་ཁྲིད་རྒྱས་པར་གནང༌། གཞི་གསུམ་གྱི་ཕྱག་ལེན་གཙོས་ཚོགས་ཆོས་ཐོག་དང་ཆོ་ག་ཕྱག་ལེན། ཁྱད་པར་དུ་གཞུང་ཆེན་བཀའ་པོད་ལྔ་སྔགས་དང་བཅས་ལ་འཆད་ཉན་བྱེད་པའི་ཕྱག་སྲོལ་བཟང་པོ་གཏན་ཆགས་སུ་ཚུགས་ཡོད།
ད་ལྟ་དགོན་པ་འདིར་འདུ་ཁང་ཆེན་མོ་དང་།།འཇམ་དབྱངས་ཀུན་གཟིགས་ལྷ་ཁང༌།རྗེ་ལྷ་ཁང༌། ཇོ་ཁང༌། བྱམས་ཁང་། མགོན་ཁང་། བསེ་ཚང་གི་ནང་ཆེན། མགར་རྩེ་ཆེ་ཆུང་གཉིས་ཀྱི་ནང་ཆེན། གྲྭ་ཤག་བརྒྱ་ཕྲག་ལྷག རྒྱུན་བཞུགས་ཀྱི་བླ་སྤྲུལ་མགར་རྩེ་སྐུ་ཕྲེང་བརྒྱད་པ་སྐལ་བཟང་བསྟན་པ་རྒྱ་མཚོ་དང་། མགར་རྩེ་ཆུང་བ་སྐུ་ཕྲེང་བཞི་པ་བློ་བཟང་འཇིགས་མེད་བསྟན་པ་རྒྱ་མཚོ། ཚོ་འདུ་མཁན་པོ་སྐུ་ཕྲེང་ལ་ྔ་ངག་དབང་ལུང་རྟོགས་དམ་ཆོས་རྒྱ་མཚོ། ལུག་ར་སྐུ་ཕྲེང་བཞི་པ་བློ་བཟང་འཇིགས་མེད་རྒྱ་མཚོ་དང་། དགེ་འདུན་པ་བརྒྱ་དང་དྲུག་ཅུ་ལྷག་བཅས་བཞུགས། དགོན་བདག་བླ་མ་མགར་བླ་སྐུ་ཕྲེང་རིམ་བྱོན་ཡིན། དགོན་པའི་རྟེན་བཞེངས་ཀྱི་སྐོར་ལ། འཇམ་དབྱངས་ཀུན་གཟིགས་ལྷ་ཁང་ནང་དུ། སྨན་འདམ་ལས་གྲུབ་པའི་འཇམ་དབྱངས་ཀུན་གཟིགས་ཀྱི་སྐུ་བརྙན་མཐོ་ཚད་ཁང་བརྩེགས་གཉིས་ཅན་དང་། །གཡས་གཡོན་དུ་སྨན་འདམ་ལས་གྲུབ་པའི་རྗེ་ཡབ་སྲས་གསུམ་དང་། སྒྲོལ་མ་དཀར་སྔོན། ཁྲི་ཆེན་ཚང་།མཆོག་སྤྲུལ་ཚང་སོགས་ཀྱི་སྐུ་འདྲ་མི་ཚད་ཅན། རྒྱུ་ཤིང་ལས་གྲུབ་པའི་སྤྱན་རས་གཟིགས་ཕྱག་ཀྱི་སྟོང་སྐུ། རྗེ་སྔགས་རིམ་ཆེན་མོའི་རྩོམ་གདན་ཕྱག་དཔེ་གཙོས་བཀའ་བསྟན་ཚར་བཅུ་ཕྲག་ལྷག་དང་། རྒྱ་བོད་མཁས་གྲུབ་རིས་མེད་ཀྱི་གསུང་འབུམ་སོགས་རྟེན་གསུམ་གྱི་སྐོར་མང་པོ་བཞུགས། རྗེ་ལྷ་ཁང་ནང་དུ། རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན་ཆེན་པོ་དང་། གསེར་ཟངས་
ལས་གྲུབ་པའི་ཐུབ་པ་རྡོར་གདན་མ་དང༌། འོད་དཔག་མེད། རྗེ་བླ་མ་སོགས་མང་དུ་བཞུགས། ཇོ་ཁང་ནང་དུ། གསེར་ཟངས་ལས་གྲུབ་པའི་ཇོ་སྐུ་གཙོ་འཁོར་གསུམ་གཙོས་སངས་རྒྱས་སྟོང་རྗེ་ཡབ་སྲས་གསུམ་སོགས་མང་པོ་བཞུགས། བྱམས་ཁང་ནང་དུ། གཙོ་སྐུ་སྨན་འདམ་ལས་གྲུབ་པའི་རྒྱལ་པ་བྱམས་པའི་སྐུ་བརྙན་ཐོག་ཚད་ཅན་དང་། གསེར་ཟངས་ལས་གྲུབ་པའི་ཚེ་དཔག་མེད་ཀྱི་སྟོང་སྐུ་དང༌། སྟོན་པ། རྗེ་ཡབ་སྲས་གསུམ། ཐུགས་རྗེ་ཆེན་པོ། འོད་དཔག་མེད། སྨན་བླ། མི་འཁྲུགས་པ། སྒྲོལ་མ་དཀར་སྔོན་སོགས་དང་། ཡི་དམ་དང་ཆོས་སྲུང་མང་པོའི་གྱན་ཐང་སོགས་བཞུགས། འདུ་ཁང་ཆེན་མོའི་ནང་དུ། གསེར་ཟངས་ལས་གྲུབ་པའི་ཐུབ་པ་ཆོས་འཁོར་མ་གཙོས་བླ་མ་བརྒྱུད་པ་དང་། ཇོ་སྐུ། བྱམས་སྐུ། ཚེ་དཔག་མེད་སོགས་ཀྱི་སྐུ་འདྲ་བཅུ་ཕྲག་ལྷག་དང༌། སྟོན་པའི་གཏད་རབས་བདུན་དང་། འཁོར་དག་པ་རྣམ་བརྒྱད་ཀྱིས་བསྐོར་བའི་རྗེ་ཙོང་ཁ་པ། བླ་རབས་རིམ་བྱོན་གྱི་འཁྲུངས་རབས་སོགས་ཀྱི་གྱན་ཐང་མང་པོ།བཞུགས། མཆོད་རྟེན་ཆེན་མོ་ནི། སྤྱི་ལོ1988ལོར་བསྐྱར་དུ་བཞེངས།ཆོས་ཐོག་ལ། བླ་བྲང་བཀྲ་ཤིས་འཁྱིལ་བའི་ཕྱག་བཞེས་ལྟར་ཞོགས་པར་འཇིགས་བྱེད་ཀྱི་ཆོ་ག་དང་། དྲུག་ཅུ་བ། སེང་གདོང་བཟློག་བསྒྱུར་གཏོར་བསྔོས་དང་བཅས་པ་གསུང་རྒྱུ་ཆས།།མང་ཆེ་བ་བླ་བྲང་བཀྲ་ཤིས་འཁྱིལ་བའི་ཕྱག་ལེན་ལྟར་ཡིན། བཅའ་ཡིག་ལ། བསེ་ངག་དབང་སྤྲུལ་ཁག་གི་དུས་མཆོད་བཅས་ཡོད། ཚོགས་ཆོས་ཐོག་དང་། འདོན་རྟ་དབྱངས་གསུམ་སོགས་མང་ཆེ་བ་བླ་བྲང་བཀྲ་ཤིས་འཁྱིལ་བའི་ཕྱག་ལེན་ལྟར་ཡིན་བཅའ་ཡིག་ལ། བསེ་ངག་དབང་བཀྲ་ཤིས་ཀྱིས་མཛད་པའི་བཅའ་ཡིག་དང་། མགར་རྩེ་ཆེ་པ་སྐུ་ཕྲེང་བཞི་པ་འཇིགས་མེད་ངག་དབང་འཇམ་དབྱངས་ཀྱིས་མཛད་པའི་བཅའ་ཡིག་གཉིས་ཡོད་མོད། ཕལ་ཆེར་རིག་གསར་སྐབས་འཇིག་པར་གྲགས། བསེ་ཚང་སྐུ་ཕྲེང་དྲུག་པས་དགོན་པ་འདིའི་སྔར་སྲོལ་གཞི་བྱས་ཏེ། ལོ་རེར་ཟླ་ཆོས་བཞོ་དང་། ཟླ་ཕྱེད་ཆོས་ཐོག་བཞི། སྨོན་ལམ་ཉིན་ལྔ། ཞོགས་པའི་རྒྱུན་ཚོགས་ཆག་མེད་བརུས་ཆོས་ཐོག་གི་རིམ་པ་དང་། ཆོས་མཚམས་སྐབས་སུ་དཔེ་ཁྲིད་དཔེ་གཟིགས་དང་བློ་འཛིན་སྐྱོར་སྦྱོང་། ཆོས་ཐོག་སྐབས་སུ་རང་རང་གི་སྐབས་བབས་ཀྱི་རྩོད་ཡིག་ལྟར་བརྩི་བཞག་གསུངས་རྒྱུ་རྒྱུགས་ཆེན་གཉིས་དང་ཟླ་ཆོས་བཞི་ལ་འདོན་ཆའི་རྒྱུགས་སྤྲོད་དགོས་པ། ཟླ་བཞི་པའི་ནང་དུ་བསྡུས་གྲྭའི་འཛིན་གྲྭ་གཏུགས་དང་ཕར་ཕྱིན་འཛིན་གྲྭ་གཏུགས། རིག་ལུང་གི་རྒྱུགས་དང་རིགས་གྲྭའི་ཚོགས་གླེང་། རྟགས་རིགས་འཛིན་གྲྭའི་དངིས་གཞི་དུས་སུ་ཕར་ཕྱིན་དམ་བཅའི་རྒྱིགས་ཆེན་སྤྲོད་དགོས་པ། ཆོས་གྲྭའི་སྐབས་སུ་དམ་བཅའ་ལ་མངགས་པ་དང་འཛིན་གྲྭ་སོགས་རྒྱུགས་ལེན་པའི་རིམ་པ་རྣམས་དང༌། གཞི་གསུམ་གྱི་ཕྱག་ལེན་དང་ཚོགས་ཆོས་གྲྭར་ཆད་མེད་དུ་འགྲིམ་རྒྱུ་སོགས་དང༌། འཆད་ཉན་གནང་སྲོལ་གྱི་སྐོར་ལ། རྗེ་ཡབ་སྲས་ཀྱི་ལེགས་བཤད་སྤྱི་དང་། ནང་སྒོས་སྒོ་མང་ཡིག་ཆའི་སྟེང་ནས་གཞུང་ཆེན་བཀའ་པོད་ལྔ་སྔགས་དང་བཅས་པ་ལ་འཆད་ཉན་གནང་དགོས། ཆོས་ཐོག་ཐེབས་རྩ་ལ། རང་དགོན་གྱི་མཆོད་གཞིས་རོང་འབྲོག་ཚོ་ལྔས་ལོ་རེ་རེས་མོས་སུ་སྨོན་ལམ་ཆེན་མོའི་སྦྱིན་བདག་དང་ཟུར་ནས་ཐོན་པའི་སྒེར་གཞུང་རེ་གཉིས་ཀྱི་ཞལ་འདེབས་དང་། གཙོ་བོ་གྲྭ་ཚང་རང་ངོས་ནས་ཐོན་བསྐྱེད་བྱས་པའི་སྨན་ཁང་དང་། ཚོང་ཁང་། བསང་རྫས་ཁང་། གཏེར་བུམ་ཁང་བཅས་ཁེ་ལས་སྡེ་ཁག་སོ་སོའི་ཡོང་སྒོ་བཅས་ཀྱིས་ཚོགས་ཆོས་ཐོག་དད་གྲྭ་པའི་འཚོ་བའི་ཕྱོགས་ལ་མཐུན་རྐྱེན་ར་བཞིན་ཡོད། ཡང་སྒོས་སུ་ལོ་རེ་རེར་མགར་རྩེ་ཆེ་པ་སྐུ་ཕྲེང་བརྒྱད་པ་སྐལ་བཟང་བསྟན་པ་རྒྱ་མཚོས་ལྔ་མཆོད་དང་སྨྱུང་ཆེན་སྐབས་སུ་ཕྱག་རྫས་གང་ཡོད་དགེ་འདུན་པའི་མཐུན་རྐྱེན་དུ་འབུལ་བཞིན་ཡོད།