སྐུ་འབུམ་བྱམས་པ་གླིང་ངོ་སྤྲོད།

སྐུ་འབུམ་བྱམས་པ་གླིང་ནི་སྤྱི་ལོ་༡༣༧༨ལོར་རྒྱལ་བ་བསོད་ནམས་རྒྱ་མཚོས་སྐུ་འབུམ་མཆོད་གཞིས་ཚོ་དྲུག་ཁོངས་སུཕྱག་བཏབས་ཤིང་།ཆོས་རྒྱུད་དགེ་ལུགས་ཡིན།

མདོ་སྨད་ཀྱི་དགོན་སྡེ་གྲགས་ཆེན་སྐུ་འབུམ་བྱམས་པ་གླིང་ནི།བོད་གངས་ཅན་གྱི་རི་བོ་དགེ་ལུགས་པའི་དགོན་ཆེན་དྲུག་གི་ཡ་གྱལ་ཡིན་ལ།མདོ་སྨད་ཀྱི་དགེ་ལུགས་པའི་དགོན་ཆེན་གཉིས་ཀྱི་ཡ་གྱལ་ཡང་ཡིན།

རབ་བྱུང་དྲུག་པའི་ས་རྟ་སྤྱི་ལོ་༡༣༧༨ལོར་རྗེ་བདག་ཉིད་ཆེན་པོའི་མ་ཡུམ་གྱིས་སྐྲ་དཀར་གྱི་ལན་བུ་དང་བཅས་རྗེ་མདོ་སྨད་དུ་འབྱོན་པའི་འཕྲིན་ཡིག་ཕུལ་བའི་ཞུ་ལན་འབྱོར་སྐབས།རྗེའི་ལྟེ་ཁྲག་འཕོས་པའི་གནས་སུ་ཙན་དན་དཀར་བོའི་སྡོང་བུ་ལོ་མ་འབུམ་ཅན་དང་།ལོ་མ་རེ་རེའི་སྟེང་རྒྱལ་བ་སེངྒེ་ང་རོའི་སྐུ་བརྙན་རེ་བྱུང་བར་གྲགས་ཤིང་།རབ་བྱུང་དྲུག་པའི་ས་ལུག་སྤྱི་ལོ་༡༣༧༩ལོར་རྗེའི་མ་ཡུམ་གྱིས་མགོ་བྱས་ཏེ་དད་ལྡན་མང་བོས་ཙན་དན་སྡོང་བོ་དེ་གཟུངས་བཞུགས་ཀྱི་ཚུལ་དུ་བྱས་ཏེ།དར་གོས་ཀྱི་མནབ་བཟས་བཀླུབས་ཏེ་མཐའ་སྐོར་དུ་རྡོ་བརྩིག་གི་ར་བ་དང་།དེའི་སྟེང་དུ་པདྨ་སྤུངས་པའི་མཆོད་རྟེན་བཞེངས་པ་དེ་སྐུ་འབུམ་དགོན་པ་འདིའི་ཆེས་ཐོག་མའི་རྨང་གཞི་ལྟ་བུ་ཡིན་ལ།

རབ་བྱུང་དགུ་པའི་ལྕགས་སྤྲེལ་སྤྱི་ལོ་༡༥༦༠ལོར་སྒོམ་པ་རིན་ཆེན་བརྩོན་འགྲུས་ཀྱིས་གནས་གཞི་བཏིང་ཞིང་།རབ་བྱུང་བཅུ་བའི་མེ་གླང་སྟེ་སྤྱི་ལོ༡༥༧༧ལོར་དེས་བྱམས་སྐུ་བཞེངས་པ་ནས་སྐུ་འབུམ་བྱམས་པ་གླིང་དུ་གྲགས་པ་ཡིན་ནོ།

རབ་བྱུང་བཅུ་བའི་ས་སྟག་སྤྱི་ལོ་༡༥༧༨ལོར་རྒྱལ་དབང་གསུམ་པ་བསོད་ནམས་རྒྱ་མཚོ་མདོ་སྨད་དུ་བྱོན་ཏེ་སྐུ་འབུམ་དགོན་པ་བཏབ་པ་ནས།ཕྱིས་སྐུ་འབུམ་གྱི་དགོན་བདག་ལྟ་བུ་གྱུར་པ་ཨ་ཀྱཱ་སྐུ་ཕྲེང་རིམ་བྱོན་དང་།ཟི་ན་ནང་སོ་སོགས་ཟུང་འབྲེལ་ལྟ་བུས་ལྷ་སྡེ་ནང་མ་ཚོ་དྲུག་གིས་གཙོས་པའི་ཙོང་ལ་རིང་མོའི་ལྷོ་བྱང་གི་ཡུལ་ཆ་མང་བོར་ཆོས་སྲིད་ལུགས་གཉིས་ཀྱིས་མངའ་དབང་བསྒྱུར་བ་ཡིན།

ས་བབ་སྟབས་འབྲེལ་གྱི་དབང་གིས་སྤྱི་ལོ༡༧༢༦ལོ་ནས་མན་ཇུའི་སྲིད་གཞུང་གི་ངོ་ཚབ་དང་།སྤྱི་ལོ༡༩༡༢ལོ་ནས་གོ་མིན་ཏང་།དེའི་ཕྱིས་ཙམ་ནས་ཁ་ཆེ་དྲག་སྤྱོད་པ་མཱ་པུ་ཧྥང་སོགས་ཟི་ལིང་དུ་གནས་སྡོད་བྱས་པའི་མན་རྒྱ་ཁ་ཆེའི་དཔོན་དམག་གཡོག་གསུམ་གྱིས་གཙེས་པས་དགོན་སྡེ་ལ་ཉམས་ཆག་ཡང་ཡང་བྱུང་།དེ་འདྲའི་ཤན་ངན་གྱིས་བསླད་པ་ཡིན་ནམ།ཕྱིས་ཤིག་ནས་དགོན་པའི་གྲྭ་མང་གིས་རྒྱ་སྐད་སྤྱད་དེ་བོད་སྐད་ལ་ཉམས་ཆག་ཆེན་པོ་བྱུང་སྟབས།བོད་རང་སྐད་དུ་ཡོད་པའི་ཆོས་དང་རིག་གཞུང་ཁག་ཉམས་རྨས་ཀྱི་གནོད་ཚབས་ཤིན་ཏུ་ཆེ་བར་སྣང་།

སྤྱི་ལོ༡༩༥༨ལོ་དང་།སྤྱི་ལོ་༡༩༦༦།༧༦བར་གྱི་རིག་གནས་གསར་བརྗེར་བཏགས་པའི་དམིགས་ཡུལ་ལྡན་པའི་གདུག་རྩུབ་ཀྱི་ལས་འགུལ་དེའི་ཁྲོད་གསེར་སྡོང་ཆེན་མོ་དང་།ཚོགས་ཆེན་འདུ་ཁང་སོགས་ཀྱིས་གཙོས་ལྷ་ཁང་གཙོ་གྲས་ཁག་ཅིག་གི་སྒྲོམ་གཟུགས་ལྷག་ལུས་བྱུང་བ་ཙམ་ལས།དགོན་པའི་ལྷ་ཁང་དང་གྲྭ་ཤག་སོགས་ཕལ་ཆེར་བརྒྱ་ཆའི་༦༠ལྷག་གཏོར་བཤིག་ཐེབས།

སྤྱི་ལོ༡༩༨༡ལོར་རྒྱ་གཞུང་གིས་ཆོས་སྒོ་བསྐྱར་འབྱེད་ཀྱི་ཆོག་མཆན་སྤྲད་པ་ནས་དགོན་པའི་ཕྱིའི་འཛུགས་སྐྲུན་ལ་ཡར་རྒྱས་སོང་ཞིང་།མཚོ་སྔོན་ཞིང་ཆེན་སོགས་རྒྱ་ནག་གི་ཡུལ་སྐོར་ལྗོངས་རྒྱུ་བ་ཆེས་ཤིན་ཏུ་མང་བོས་ལྟ་སྐོར་བྱེད་སའི་འགྲེམས་སྟོན་ཁང་ལྟ་བུར་གྱུར་ནས་ཡོད།

དགོན་པ་འདིར་ཆེས་དམིགས་བསལ་གྱི་ལག་རྩལ་གྲགས་ཆེན་ཞིག་ཡོད་པ་ནི།མར་གྱིས་བཟོས་པའི་མེ་ཏོག་མཆོད་པའི་ལག་རྩལ་དེ་ཡིན་ལ།བོད་ཀྱི་མར་བཟོའི་ལག་རྩལ་དམིགས་བསལ་བ་ཡོད་པ་ལས།སྐུ་འབུམ་གྱི་མར་བཟོའི་ལག་རྩལ་དེ་ཆེས་ཤིན་ཏུ་གྲགས་སྙན་ལྡན་པ་ཞིག་ཡིན་ནོ།

སྤྱི་ལོ་༡༩༥༨ལོ་དང་རིག་གསར་སྐབས་གཏོར་བཤིག་དང་ཉམས་ཆག་ཚབས་ཆེན་ཐེབས་ཀྱང་།རྩ་བརྣུབས་གཏོང་མ་ཐུབ་པར་འདུ་ཁང་ཁག་དང་ལྷ་ཁང་གཙོ་གྲས་ཁག་ཅིག་ལུས་བྱུང་ཡོད།སྤྱི་ལོ༡༩༨༠ལོའི་རྗེས་ནས་ཨ་ཀྱ་སྤྲུལ་སྐུ་སོགས་བླ་སྤྲུལ་ཁག་གིས་མགོ་ཁྲིད་དེ་བསྐྱར་བཞེངས་ཉམས་གསོ་བྱས་དང་བྱེད་མུས་ཡིན།འདི་ལ་མཆོད་གཞིས་ནང་མ་སྐུ་འབུམ་ཚོ་དྲུག་དང་།ལྷ་སྡེ་ཙམ་དུ་གཏོགས་པ་མཚོ་སྔོན་གྱི་ནུབ་རྒྱུད་དང་བྱང་རྒྱུད་ཀྱི་རོང་འབྲོག་གི་སྡེ་ཚོ་ཤིན་ཏུ་མང་བོ་ཡོད་པ་ཡིན།

མདོ་སྨད་ལོ་རྒྱུས་ཆེན་མོ་ལས།

About རྩོམ་སྒྲིག་པ།