ཨ་རྒྱའི་ཕྱི་འབྲེལ་སྐུ་ཚབ་ཐུག་འཕྲད་སྐབས་བོད་དོན་གླེང་སློང་གནང་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པས་རྒྱ་ནག་གཞུང་གིས་བོད་དང་ཤར་ཊུར་ཀི་སི་ཐན། ཧོང་ཀོང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་དུ་བཏང་སྟེ་བཙན་གནོན་བྱེད་བཞིན་པའི་གནད་དོན་གླེང་སློང་གནང་སྟེ་བློ་འཚབ་ཡོད་སྐོར་གསུངས་ཡོད་འདུག

 

ཁ་སང་རྒྱ་ནག་གི་བྱང་ཤར་གྲོང་ཁྱེར་ཐེན་ཅིན་(Tianjin) དུ། ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་ལྕམ་སྐུ་ཝེན་ཌི་ཤེར་མན་( Wendy Sherman)ལགས་ཀྱིས་སྣེ་ཁྲིད་པའི་ཨ་རིའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་གིས། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་དང་ཐུག་འཕྲད་གནང་ཡོད་ཅིང་། ཐུག་འཕྲད་སྐབས་ཨ་རིའི་ཕྱོགས་ནས་ཨ་རྒྱའི་ཚོང་དོན་དང་དྲ་ལམ་འཇབ་རྒོལ་སོགས་ཀྱི་གནད་དོན་ཕུད། རྒྱ་ནག་གཞུང་གིས་བོད་དང་ཤར་ཊུར་ཀི་སི་ཐན། ཧོང་ཀོང་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་སྐོར་གླེང་སློང་གནང་ཡོད་འདུག་ལ། ཕྱོགས་གཉིས་ཀའི་མགྲིན་པས་ད་ཐེངས་ཀྱི་ཐུག་འཕྲད་དེ་སྤྱི་ཡོངས་ནས་དོན་ཕན་ལྡན་པ་ཞིག་བྱུང་ཡོད་སྐོར་བསྒྲགས་འདུག

 

ཨ་རིའི་ཕྱི་སྲིད་མགྲིན་ཚབ་པ་ནེཌ་པ་རའེ་སི་ (Ned Price) ལགས་ཀྱིས་ཐེངས་འདིའི་ཉིན་གྲངས་གཉིས་རིང་གི་རྒྱ་ནག་ནང་གི་སྐོར་སྐྱོད་ཐད་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཕྱི་སྲིད་དྲུང་ཆེའི་ངོས་ནས་ང་ཚོ་དང་ང་ཚོའི་མནའ་འབྲེལ་རྒྱལ་ཁབ་དག་གི་རིན་ཐང་དང་ཁེ་ཕན། དེ་བཞིན་རྒྱལ་སྤྱིའི་ཁྲིམས་སྒྲིག་བཅས་ལ་རྒོལ་བའི་རྒྱ་ནག་གི་བྱ་སྤྱོད་རིགས་ཐེར་འདོན་བྱས་ཡོད་ཅིང་། ལྷག་པར་དུ་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དམངས་གཙོར་དྲག་གནོན་བྱེད་བཞིན་པ་དང་། ཤིན་ཅང་(ཤར་ཊུར་ཀི་སི་ཐན་)ཁུལ་དུ་མི་རིགས་རྩ་མེད་དང་མིའི་རིགས་ལ་རྒོལ་བའི་ཉེས་གསོག་གི་བྱ་འགུལ་སྤེལ་བཞིན་པ། དེ་བཞིན་བོད་ནང་བཙན་གནོན་བྱེད་པ་དང་། གསར་འགོད་རང་དབང་ལ་ཚོད་འཛིན་བྱེད་བཞིན་པའི་གནས་སྟངས་བཅས་ལ་བློ་འཚབ་ཡོད་སྐོར་གླེང་ཡོད་འདུག ཅེས་དང་། གཞན་ཡང་། རྒྱ་ནག་གིས་དྲ་ཐོག་འཇབ་རྒོལ་དང་། ཐའེ་ཝན་མཚོ་འགག་དང་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་སྤེལ་བཞིན་པའི་བྱ་སྤྱོད་ལ་སྐྱོན་བརྗོད་བྱས་ཡོད་ནའང་། ཨ་རིའི་ངོས་ནས་རྒྱལ་ཁབ་གཉིས་དབར་རྣོ་ངར་ཆེ་བའི་འགྲན་རྩོད་ལ་དགའ་བསུ་བྱེད་ཀྱི་ཡོད་པ་ལས། རྒྱ་ནག་དང་རྩོད་གཞི་སློང་འདོད་མེད་སྐོར་ཡང་བརྗོད་ཡོད་འདུག

 

དེ་བཞིན་རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་ཀྲའོ་ལི་ཅིན་ཟེར་བ་དེས་ཀྱང་རྒྱུན་ལྡན་གསར་འགོད་གསལ་བསྒྲགས་སྟེང་གསར་འགོད་པའི་དྲི་བར་ལན་འདེབས་བྱེད་སྐབས། ཨ་རིས་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་རྩད་གཅོད་དང་། ཐའེ་ཝན། ཤིན་ཅང་(ཤར་ཊུར་ཀི་སི་ཐན་)། ཧོང་ཀོང་། ལྷོ་རྒྱ་ནག་རྒྱ་མཚོ་བཅས་ཀྱི་གནད་དོན་ཐད་ལ་སྤེལ་བའི་གཏམ་སྤྱོད་ནོར་བ་ཅན་དག་ལ་བློ་ཕམ་ཡོད་པ་དང་། ཨ་རིའི་ཕྱོགས་ནས་འཕྲལ་དུ་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱ་རྒྱུ་མཚམས་འཇོག་དགོས་པ་དང་། རྒྱ་ནག་གི་ཁེ་ཕན་ལ་གནོད་གཞིའི་བྱ་སྤྱོད་རིགས་མི་སྤེལ་རྒྱུའི་འབོད་སྐུལ་ཞུས་ཡོད་སྐོར་དང་། ཨ་རིའི་ངོས་ནས་རྒྱ་རིགས་མི་གྲངས་ཐེར་འབུམ་ ༡།༤ རྣམས་ཀྱི་རང་གི་རྒྱལ་ཁབ་སྲུང་སྐྱོབ་དང་། བདེ་འཇགས་ཡར་རྒྱས་བཅས་ཀྱི་ཆོད་སེམས་དང་ནུས་པར་མཐོང་ཆུང་བྱེད་མི་ཉན་སྐོར་ཡང་བརྗོད་ཡོད་འདུག

 

ཐེངས་འདིའི་ཐུད་འཕྲད་སྐབས་རྒྱ་ནག་གི་ཕྱོགས་ནས་ཨ་རིའི་བྱ་སྤྱོད་དང་འབྲེལ་བའི་ཐོ་ཡིག་གཉིས་སྤྲད་ཡོད་འདུག དེ་ཡང་ཨ་རིའི་ངོས་ནས་རྒྱ་ནག་དམར་ཤོག་ཚོགས་མི་དང་ཁོ་ཚོའི་ནང་མི་རྣམས་ཨ་རིར་འགྲོ་སྐྱོད་མི་ཆོག་པའི་བཀའ་རྒྱ་དེ་ལྷོད་དགོས་པ་དང་། དེ་བཞིན་རྒྱ་ནག་གི་མགོ་འཁྲིད་དང་གཞུང་འབྲེལ་མི་སྣ་བཅས་ཀྱི་ཐོག་བཀལ་བའི་དཔལ་འབྱོར་ཉེས་ཆད་རྩིས་མེད་གཏོང་དགོས་པ། རྒྱ་རིགས་སློབ་མ་རྣམས་ལ་ཐོངས་མཆན་བཀག་སྡོམ་དང་། རྒྱ་ནག་གི་བཟོ་གྲྭ་ཁག་ལ་བཙན་གནོན། རྒྱ་ནག་གི་ཁུང་ཙི་སློབ་གླིང་ཁག་ལ་རྒོལ་རྡུང་སོགས་ཀྱི་བྱ་འགུལ་དག་མཚམས་འཇོག་དགོས་སྐོར་དང་། མི་སྒེར་གྱི་གནད་དོན་དང་འབྲེལ་ནས་ཨ་རིར་སློབ་སྦྱོང་དུ་སྐྱོད་བཞིན་པའི་རྒྱ་རིགས་སློབ་མ་སྐོར་ཞིག་ལ་ཐོངས་མཚན་སྤྲོད་དགོས་པ་དང་། ཨ་རིའི་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་དང་དེའི་ལས་བྱེད་རྣམས་ལ་འགོག་རྒོལ་བྱེད་བཞིན་པ་བཅས་ལ་གང་མགྱོགས་ཐག་གཅོད་གསལ་པོ་དགོས་སྐོར་བརྗོད་ཡོད་འདུག

 

སྤྱིར་ད་ལན་གྱི་ཐུག་འཕྲད་འདི་ནི་ད་ལོའི་ཕྱི་ཟླ་ ༡༠ པའི་ནང་ཚོགས་གཏན་འཁེལ་བའི་སྟོབས་ཆེན་རྒྱལ་ཁབ་བདུན་ (G7) གྱི་ཚོགས་འདུའི་ཐོག ཨ་རིའི་སྲིད་འཛིན་བྷའེ་ཌིན་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དབར་ཐུག་འཕྲད་ཡོང་རེ་ལ་དམིགས་པ་ཞིག་ཡིན་ལ། འདི་ལོའི་ཕྱི་ཟླ་ ༣ པའི་ནང་ཨ་རིའི་མངའ་སྡེ་ཨ་ལ་སི་ཀ་(Alaska) རུ་ཚོགས་ཏེ་དོན་འབྲས་མ་སོན་པའི་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷི་ལིན་ཀན་དང་ཝང་དབྱི་དབར་གྱི་གྲོས་མོལ་རྗེས་ཆེས་མཐོའི་མགོ་འཁྲིད་ཀྱི་ཐུག་འཕྲད་ཐོག་མ་དེ་ཡང་ཆགས་ཀྱི་ཡོད་པ་རེད། གཞན་ཡང་ལྕམ་སྐུ་ཝན་ཌི་ཤེར་མན་ལགས་ཀྱིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ཤེ་ཧྥེང་ (Xie Feng) དང་ཐུག་འཕྲད་ཀྱིས་གླེང་མོལ་བྱེད་སྐབས་ཤེ་ཧྥེང་ཟེར་བ་དེས། ཨ་རིའི་ངོས་ནས་རྒྱ་ནག་དེ་འཆར་སྣང་ཁྲོད་ཀྱི་དགྲ་བོ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་དང་། ཨ་རི་ལ་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་སྐོར་བཤད་དབང་རྩ་བ་ནས་མེད་སྐོར་གྱི་སྐྱོན་བརྗོད་བྱས་འདུག

 

སྲིད་འཛིན་ཊོམ་ཕུ་མཆོག་གི་དུས་སྐབས་ནས་ཨ་རྒྱའི་འབྲེལ་ལམ་དེ་བསྟུད་མར་ཛ་དྲག་ཇེ་ཆེར་སོང་སྟེ། རྒྱ་ནག་ཕྱོགས་ནས་སྲིད་འཛིན་གསར་པ་བྷའེ་ཌིན་མཆོག་གི་གུ་ཡངས་སྲིད་ཇུས་ཤིག་ལ་རེ་སྒུག་བྱས་ཡོད་ནའང་། བྷའེ་ཌིན་གཞུང་ཕྱོགས་ནས་རྒྱ་ནག་ལ་སྲིད་ཇུས་མཁྲེགས་པོ་འཛིན་རྒྱུ་མ་ལྷོད་པ་མ་ཟད། རྒྱ་ནག་དེ་ཨ་རིའི་ཁ་གཏད་གཙོ་བོ་ཞིག་ལ་ངོས་འཛིན་བྱེད་མུས་ཡིན་ཞིང་། རྒྱ་ནག་ལ་དམིགས་ཏེ་ཨ་རིའི་ཕྱི་འབྲེལ་སྲིད་ཇུས་དེ་དཀྱིལ་དབུས་ཨེ་ཤ་ཡ་ནས་ཨེ་ཤ་ཡ་ཤར་མའི་ཁུལ་དུ་ཕྱོགས་བཞིན་པ་མངོན་གསལ་རེད། དེ་ཡང་འདས་པའི་ཉིན་གྲངས་འགའ་ཤས་ནང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པས་རྒྱ་ནག་གཙོས་པའི་ཉི་ཧོང་དང་། ཀོ་རི་ཡ། སོག་པོ་བཅས་ལ་སྐོར་སྐྱོད་བྱས་ཡོད་ཅིང་། ཨ་རིའི་རྒྱལ་སྲུང་དྲུང་ཆེ་ལོ་ཝེཌ་ཨོ་སི་ཊིན་ (Lloyd Austin) གྱིས་སིང་གྷ་པུར་ (Singapore) ལ་སྐྱོར་སྐྱོད་བྱས་ཡོད། དེ་བཞིན་སང་ཉིན་ཕྱི་ཚེས་ ༢༨ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨེན་ཊོ་ནི་བྷི་ལིན་ཀན་ལགས་རྒྱ་གར་ལ་ཆེད་ཕེབས་ཀྱིས་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་དང་ཕྱི་སྲིད་བློན་ཇེ་ཤང་ཀར་ (S. Jaishankar) ལགས་དང་ཐུག་འཕྲད་གནང་གཏན་ཁེལ་ཡོད་འདུག

བོད་ཀྱི་དུས་བབ་ལས་དྲངས།

About རྩོམ་སྒྲིག་པ།