ྋགོང་ས་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་བསྩལ་བའི་བཀའ་སློབ།

ནང་པའི་ཆོས་ཀྱི་གཞུང་ནས་ཕྱི་སྣོད་ཀྱི་ཁོར་ཡུག་དང༌། ནང་བཅུད་ཀྱི་སེམས་ཅན་བར་གཅིག་ལ་གཅིག་བརྟེན་གྱི་འཚོ་གནས་འབྲེལ་བ་དམ་པོ་ཡོད་པར་བརྗོད། ཕྲན་གྱི་གྲོགས་པོ་ཁ་ཤས་ནས་འགྲོ་བ་མིའི་རིགས་ནི་དྲག་རྩུབ་ཅན་ཞིག་ཏུ་བརྗོད་ཀྱི་འདུག་ཀྱང༌། དེ་ལ་ངོས་ནས་མོས་མཐུན་མེད། རང་རེས་སྟག་དང་འདམ་སེང་ལ་སོགས་པའི་གཅན་གཟན་དེ་ཚོར་ལྟ་ཞིབ་བྱེད་དུས། དེ་དག་ལ་ལྷན་སྐྱེས་སུ་རྣོ་དབལ་ལྡན་པའི་མཆེ་བ་དང་སྡེར་མོ་ཡོད་ལ། སྲོག་ཆགས་སྙོམས་ཆུང་རྣམས་བཟུང་ནས་དེ་ཚོའི་ཤ་ཁྲག་ལོངས་སྤྱད་ནས་འཚོ་གནས་བྱེད་ཀྱི་ཡོད། ཡང་རི་དྭགས་སྙོམས་ཆུང་སྟེ་ཤྭ་བ་ལྟ་བུར་མཚོན་ན་རྩི་ཤིང་ལ་རོལ་བའི་རི་དྭགས་ཤིག་ཡིན་ཞིང༌། གཅན་གཟན་གཏུམ་པོ་དེ་ཚོ་ལྟ་བུའི་རྣོ་དབལ་གྱི་མཆེ་སྡེར་མེད་པར། རང་བཞིན་འཇམ་པའི་སྲོག་ཆགས་སྙོམས་ཆུང་ཞིག་ཡིན། དེ་བཞིན་འགྲོ་བ་མི་ཡང་རང་བཞིན་ཞི་འཇམ་བག་ཕེབས་དང༌། བྱམས་པ་དང་སྙིང་རྗེ་ལྡན་པ་ཞིག་ཡིན། འགྲོ་བ་མིའི་རིགས་ཀྱི་གནས་སྟངས་ཐད་ནས་བརྗོད་ན། མི་ནི་སྤྱི་ཚོགས་འདུས་སྡོད་ཀྱིས་གནས་པའི་སེམས་ཅན་ཞིག་ཡིན་པས། ཕན་ཚུན་བྱམས་བརྩེ་དང་སྙིང་རྗེའི་བསམ་བློ་ངེས་པར་དུ་དགོས། མི་སུ་འདྲ་ཞིག་ཡིན་ཡང་སྤྱི་ཚོགས་དང་ཁ་བྲལ་ན་ཉ་མོ་ཆུ་དང་བྲལ་བ་བཞིན་འཛམ་གླིང་འདིའི་ཐོག་འཚོ་གནས་ཐུབ་རྒྱུ་ཁག་པོ་ཡིན། དེ་ནི་འཇིག་རྟེན་འདིའི་ཆོས་ཉིད་འབའ་ཞིག་ཏུ་ངེས། ངོས་རང་འགྲོ་བ་མིའི་རིགས་ཀྱི་ལྷན་སྐྱེས་ཀྱི་རང་བཞིན་བཟང་པོ་དང་བག་ཡོད་ཚུལ་མཐུན་ཞིག་ཡིན་པར་ཡིད་ཆེས་ཡོད། ངོས་ཀྱི་བསམ་པར་རང་རེ་མིའི་ཡ་རབས་ཞི་དུལ་གྱི་སྤྱོད་བཟང་འདི་དག་འགྲོ་བ་མི་ཕན་ཚུན་བར་བརྗོད་པ་ཙམ་མ་ཡིན་པར། རླབས་ཆེན་གྱི་ལྟ་སྤྱོད་འདི་ཕྱིའི་རང་བྱུང་ཁམས་ཀྱི་ཁོར་ཡུག་ཐོག་ལའང་སྤྱོད་ཐུབ་པ་བྱེད་དགོས་སྙམ། རྣམ་དཔྱོད་ཀྱི་ཐད་ནས་ཀྱང་ང་ཚོས་ངེས་པར་དུ་རང་བྱུང་ཁམས་ཀྱི་ཆགས་ཚུལ་ལ་སེམས་ཁུར་གྱིས་བདག་སྐྱོང་བྱེད་དགོས། དེ་ལ་གནད་དོན་གལ་ཆེན་པོ་ཞིག་ཡོད་པ་ནི། རྣམ་དཔྱོད་ཁོ་ན་ཙམ་མིན་པར་རང་རེ་འཚོ་གནས་དང་འབྲེལ་བ་ཡོད་པའི་གནད་དོན་ཆེན་པོ་ཞིག་སྟེ། ཕྱིའི་སྣོད་ཀྱི་འཇིག་རྟེན་འདི་ང་ཚོ་ད་ལྟའི་མི་ཐོག་འདི་ཙམ་དུ་མ་ཟད། འབྱུང་འགྱུར་གྱི་མི་རབས་རྣམས་ལའང་ཧ་ཅང་གལ་ཆེན་པོ་ཡིན། དེར་བརྟེན་རང་རེས་ཧམ་སེམས་ཆེན་པོས་ཕྱི་སྣོད་ཀྱི་ཐོན་ཁུངས་ལ་བཤུ་གཞོག་ཚད་མེད་བཏང་ན། འཕྲལ་སྒང་སྒོར་མོ་ཁ་ཤས་ཀྱི་ཁེ་ཕན་ཡོང་གི་ཡོད་མོད། ཕུགས་ཡུལ་ལ་བསམ་བློ་བཏང་ན་ད་ལྟའི་མི་རབས་ལ་གྱོང་གུན་རག་པ་ཙམ་དུ་མ་ཟད། འབྱུང་འགྱུར་གྱི་མི་རབས་རྣམས་ལའང་དཀའ་ངལ་འཕྲད་རྒྱུ་ཡིན་པ་ཐེ་ཚོམ་མེད། ཕྱིའི་འབྱུང་ཁམས་འགྱུར་བ་དང་ཆབས་ཅིག་གནམ་གཤིས་ཀྱི་ཚ་ཚད་ཀྱང་འགྱུར་བ་ཡིན། དེས་དཔལ་འབྱོར་དང༌། ཆབ་སྲིད་སོགས་གཞན་མང་པོའི་ཐོག་ཤུགས་རྐྱེན་ངན་པ་ཐེབས་པ་སྨོས་ཅི། ཐ་ན་མིའི་འཕྲོད་བསྟེན་ལའང་ཤུགས་རྐྱེན་ངན་པ་ཐེབས་ངེས་ཡིན། དེར་བརྟེན་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་འབྱུང་ཁམས་ཆ་སྙོམས་ཡོང་བ་བྱ་རྒྱུ་འདི་མིའི་སྤྱོད་ལམ་གྱི་གནད་དོན་ཙམ་མིན་པར། རང་རེ་སེམས་ཅན་ཚང་མ་འཚོ་གནས་ཐུབ་དང་མི་ཐུབ་ཀྱི་རག་ལས་སའི་གནད་དོན་འགངས་ཆེན་ཞིག་ཡིན།

རང་བྱུང་གི་ཁམས་སྲུང་སྐྱོབ་བདག་གཉེར་བྱེད་དགོས་ན། ང་ཚོ་ལ་ཞི་བདེ་བག་ཡོད་ཀྱི་ལྟ་བ་ཞིག་སེམས་ཁམས་སུ་ངེས་པར་དུ་དགོས། ཕྱིའི་ཁོར་ཡུག་གི་ཐོན་ཁུངས་བག་མེད་ལོངས་སྤྱོད་བྱེད་པ་འདིས་འགྲོ་བ་མིའི་ཁྱིམ་ཚང་ལ་གནོད་སྐྱོན་ཆེན་པོ་བཟོ་ཡི་ཡོད། དེ་ནི་འགྲོ་བ་མིས་རང་བྱུང་སྣོད་བཅུད་ལ་བརྩི་མཐོང་མི་བྱེད་པ་དང༌། ཁོར་ཡུག་གི་གལ་ཆེའི་རང་བཞིན་མ་ཤེས་པ་ལས་བྱུང་བ་ཞིག་ཏན་ཏན་ཡིན། མི་ཚོར་ཁོར་ཡུག་སྐོར་གྱི་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེན་པོ་ཡིན། ང་ཚོས་ཁོང་ཚོར་རང་བྱུང་གི་བཀོད་པ་དེ་ང་ཚོའི་འཕྲལ་ཕུག་གི་བདེ་རྩ་དང་ཐད་ཀར་འབྲེལ་བ་ཡོད་པའི་གནད་དོན་ཤེས་སུ་འཇུག་དགོས”་ཞེས་དང༌།

“དེང་གངས་ལྗོངས་དང་བཅས་པའི་འཛམ་གླིང་ཡོངས་ཀྱི་སྲོག་ལྡན་ཀུན་གྱི་འཚོ་བའི་རྟེན་གཞིར་གྱུར་པའི་ཁོར་ཡུག་གི་གནས་སྟངས་ཉམས་རྒུད་ཆེས་ཆེར་འགྲོ་བཞིན་པའི་སྐབས་འདིར། རང་ཅག་སྐྱེ་འགྲོ་རེ་རེའི་ངོས་ནས་རང་ནུས་ལ་དཔག་པའི་སྣོད་བཅུད་ཉམས་པ་སོར་ཆུད་དང༌། མི་ཉམས་གོང་འཕེལ་གྱི་ཐབས་ཚུལ་ལ་དུས་དང་རྣམ་པ་ཀུན་ཏུ་འབད་བརྩོན་བྱེད་གལ་ཤིན་ཏུ་ཆེ།

༡༽ ཁོར་ཡུག་སྐྱོན་མེད་གཙང་མར་གནས་པའི་དགེ་མཚན་ནི། དཔེར་ན། ལྗོན་ཤིང་བཟང་པོས་རླུང་ཁམས་གཙང་བར་བྱེད་ཅིང༌། དེས་སྐྱེ་བོའི་སྲོག་རླུང་གཏོང་ལེན་ལ་རམ་འདེགས་ཀྱིས་འབྱུང་ཁམས་ཆ་སྙོམས་ཚེ་བསྲིངས་བར་བྱེད་པ། གྲིབ་བསིལ་སྣུམ་པོ་ངལ་གསོ་བའི་གནས་སུ་གྱུར་ཅིང༌། ཆར་ཆུ་དུས་སུ་བབས་པ། ལོ་ཕྱུགས་ལེགས་པ། ཚ་གྲང་སྙོམས་པ། ཡུལ་ཁམས་ཀྱང་ལྟ་ན་སྡུག་པས་ཕྱིའི་ལྗོངས་རྒྱུ་བ་དག་རྒྱུན་མི་ཆད་དུ་ཡོང་ནས་ཤེས་རིག་དང༌། དཔལ་འབྱོར་གྱི་འདུ་འགོད་སོགས་རང་བཞིན་གྱིས་འཕེལ་བར་བྱེད་དོ།

ཁོར་ཡུག་སྦགས་བཙོག་གི་ཉེས་པ་ནི། མཚོ་དང་མཚེའུའི་དྭངས་བསིལ་གྱི་ཡོན་ཏན་ཉམས་ཤིང༌། དེ་དག་ལ་གནས་པའི་སྲོག་ཆགས་ལ་བར་དུ་གཅོད་པ། རྩི་ཤིང་ནགས་ཚལ་སྟོངས་པས་ས་ཡི་བཅུད་ཉམས་ཤིང༌། ཆར་ཆུ་དུས་སུ་མི་བབས། སྔོན་མེད་ཀྱི་རླུང་འཚུབ་དྲག་པོ་ལྡང་བ་སོགས་ཀྱི་འགལ་རྐྱེན་མཐའ་ཡས་སོ།

ཆོས་ཕྱོགས་ནས་བཤད་ན། བདག་ཅག་གི་སྟོན་པ་ཤཱཀྱའི་རྒྱལ་པོ་ཡང་ལྗོན་པའི་དྲུང་དུ་སྐུ་བལྟམས་ཤིང༌། ལྗོན་པའི་དྲུང་དུ་བྱང་ཆུབ་བརྙེས། མཐར་ལྗོན་པའི་དྲུང་སྐུ་མྱ་ངན་ལས་འདས། ལྷག་པར་དམ་ཆོས་འདུལ་བའི་ནང་དགེ་སློང་རྣམས་ལ་ལྗོན་ཤིང་ཇི་ལྟར་སྐྱོང་བའི་ཚུལ་གདམས་པ་སོགས་ནས་ལྗོན་ཤིང་འདེབས་སྐྱོང་ནི་དགེ་ལས་སུ་རྟོགས་ནུས། གཞན་ཡང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ལྷ་དང༌། ཡུལ་གྱི་ལྷ་ཀླུ་གཞི་བདག་དུ་མ་ཞིག་ལྗོན་པའི་སྡོང་པོར་གནས་གཞི་བྱེད་པ་དེས་ཀྱང་ལྗོན་ཤིང་གལ་ཆེའི་རང་བཞིན་དུ་རྟོགས་ནུས།

༢༽ སྤྱིར་ཤིང་སྣ་འདེབས་ལས་ལ་གོང་གསལ་གྱི་ཕན་ཡོན་ཡོད། ལྷག་པར་འབྲས་བུ་ཅན་གྱི་ཤིང་སྣས་འགྲོ་བ་མིའི་རིགས་གཙོ་བོར་གྱུར་པའི་སེམས་ཅན་མང་པོ་ལ་འཚོ་བཅུད་སྦྱིན་ཞིང༌། ལུས་སྟོབས་རྒྱས་པ། ཟས་ཁམས་ཀྱི་དང་ག་འབྱེད་པ་སོགས་ཕན་ནུས་ལྡན་ཡོད་པས་ངེས་པར་དུ་འདེབས་ལས་བྱ་རྒྱུ་གལ་ཆེ།

༣༽ དེ་བཞིན་མེ་ཏོག་འདེབས་ལས་ཀྱང་དཀར་པོ་དགེ་བའི་ལས་ཡིན་ཞིང༌། དཔེར་ན། མཎྜལ་་འབུལ་སྐབས། ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམས། ཞེས་པ་ལྟར། ཚོགས་གསོག་སྒྲིབ་སྦྱོང་དང༌། ཡི་དམ་ལྷའི་བསྙེན་སྒྲུབ་ཀྱི་མཆོད་ཕྲེང་སོགས་གང་ལའང་མེ་ཏོག་ནི་མེད་དུ་མི་རུང་བའི་མཆོད་རྗས་ཤིག་ཡིན་པ་དང༌། གཞན་ཡང་རང་ཉིད་གང་དུ་གནས་སའི་ཁོར་ཡུག་ཏུ་ཁ་དོག་རྣམ་པར་བཀྲ་བའི་མེ་ཏོག་དག་ཡོད་ན་ཡིད་བག་ཕེབས་ཤིང༌། ཆོས་པ་དག་གིས་མཐོང་བ་ན་དམིགས་པ་དང་བཅས་ཏེ་མཆོག་གསུམ་ལ་ཕུལ་ནས་དེས་བསོད་ནམས་ཀྱི་ཚོགས་བདེ་བླག་ཏུ་གསོག་པའི་ཕན་ཡོན་ཡོད། དེ་བཞིན་རླུང་ནད་དང༌། སེམས་ཁམས་མི་བདེ་བའི་གནས་སྐབས་ལ་ལྡུམ་རའི་ནང་འཆམ་འཆམ་དུ་བསྐྱོད་དེ་རེ་ཞིག་བསྡད་ན་སེམས་ངལ་གསོས་ཤིང་བདེ་བ་སྟེར་བའི་ཁྱད་ནུས་ཡོད།

དེས་ན། དགོན་པ་གྲྭ་ཚང་དང༌། ལྷ་ཁང༌། སློབ་གྲྭ། ལས་ཁུངས། སྨན་ཁང༌། བཟོ་གྲྭ། ཟ་ཁང༌། འགྲུལ་ཁང༌། སྡོད་ཁྱིམ་བཅས་པའི་ཉེ་འཁོར་དང༌། འགྲོ་ལམ་གྱི་གཡས་གཡོན་བཅས་སུ་ཤིང་སྣ་དང་མེ་ཏོག་འདེབས་འཛུགས་བྱ་རྒྱུར་སྤྱི་ཚོགས་ཡོངས་ཀྱིས་དང་འདོད་བྱེད་དགོས་པ་དང༌། གང་འདེབས་འཛུགས་བྱས་པ་རྣམས་འཚར་ལོངས་ཆ་ཚང་ཡོང་བའི་སྲུང་སྐྱོབ་དང་འབྲེལ། རང་རང་གི་ཕྲུ་གུར་དེ་དག་ལ་གནོད་འཚེ་བྱེད་མི་རུང་བའི་སློབ་གསོ་བྱེད་རྒྱུ་བཅས་ནི་རང་བཞིན་འགྲོ་བ་སྤྱིའི་ཕན་བདེའི་སྲི་ཞུར་འགྱུར་ངེས་ཡིན།

༤༽ སྔ་དུས་བོད་དུ་རི་རྒྱ་ཀླུང་རྒྱ་བསྡམས་པའི་རྩ་ཚིག་བསྒྲགས་ཏེ་སྐྱབས་མེད་མགོན་མེད་གཅན་གཟན་རི་དྭགས་དང༌། བྱ་བྱིའུ་སོགས་ཉམ་ཆུང་སྲོག་ཆགས་དུ་མའི་ཚེ་སྲོག་སྐྱོབ་པའི་སྲོལ་རྒྱུན་བཟང་པོ་ཞིག་ཡོད་པ་དེ་དག་རྒྱུན་འཛིན་བྱ། ད་ལྟའི་དུས་སུ་བསམ་མེད་ཉུང་ཤས་ནས་དངུལ་དང་དངོས་པོར་བརྔམས་ཏེ་རི་དྭགས་རྔོན་པ་དང༌། ཉ་སྲམ་འཛིན་པ་བཅས་ཚང་མ་མཚམས་འཇོག་ཐུབ་པ་དགོས་རྒྱུ་འདི་ནི་རང་གཞན་འདི་ཕྱི་གཉིས་ཕན་གྱི་བྱ་བ་བཟང་པོ་ཞིག་ཡིན།

༥༽ དེ་བཞིན་ཤིང་འབྲས་ཀྱི་པགས་པ་དང༌། ཤོག་བུ། འགྱིག་ཤོག ཤེལ་དམ། གོས་རྙིང༌། ཟས་ཀྱི་ལྷག་མ་སོགས་གད་སྙིགས་ཀྱི་རིགས་གང་བྱུང་དུ་གཡུགས་པ་དང༌། བཙོག་གཅིན་གང་སར་གཏོང་བ་བཅས་ནི་ཡུལ་གྱི་མཛེས་སྡུག་དང༌། གཙང་སྦྲ་འཕྲོད་བསྟེན་གཉིས་ཀར་གནོད་པས་དེ་ལྟར་བྱེད་མི་རུང༌། ལྷག་དོན་འགའ་ཞིག་ནས་རང་གི་གྱོན་གོས་རྙིང་པ་དང༌། སྐྲ་ལོ་ལྗོན་ཤིང་གི་ཡལ་གར་འདོགས་པ་འདི་མཐོང་སྣང་ལ་ཤིན་ཏུ་མི་མཛེས་པས་ད་ནས་ངེས་པར་སྤོང་དགོས།

མདོར་ན། སྣོད་བཅུད་རྟེན་ཅིང་འབྲེལ་བའི་ཚུལ་རྣམས་བློར་ངེས་པའི་སྒོ་ནས་རང་བྱུང་ཁམས་ཆེན་པོའི་ནུས་པའི་འབྱུང་གནས་རྣམས་གཅེས་པར་འཛིན་པའི་ཐབས་ཚུལ་འཇུག་ལྡོག་ལ་བླང་དོར་མ་འཛོལ་བའི་སྒོ་ནས་ལག་ལེན་དོན་འཁེལ་ཡོང་བའི་གཞེན་སྐུལ་དང་ཆབས་ཅིག བདེ་དགེའི་ལྗོན་ཚལ་ཕྱོགས་བརྒྱར་འཕེལ་ཞིང༌། སྐྱེ་འགྲོ་སྲོག་ཆགས་དུས་མིན་འཆི་བ་ལས་ཐར་ཏེ་བདེ་བར་འཚོ་བའི་སྨོན་ལམ་བཅས།”

བཀའ་སློབ་འདི་བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་ཕྱི་ལོ་ ༡༩༩༦ ལོར་དཔར་སྐྲུན་བྱས་པའི་ྋགོང་ས་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་བསྩལ་བའི་བླང་དོར་བཀའ་སློབ་ལས་བཏུས།

About རྩོམ་སྒྲིག་པ།