༄༅། །མཚོ་བྱང་སེམས་ཉིད་(མུན་ཡོན)རྫོང་གི་དགོན་སྡེ་ཁག

༡  སེམས་ཉིད་དགོན།

སེམས་ཉིད་དགོན་ནི་སྤྱི་ལོ་༡༦༥༠ལོར་སེམས་ཉིད་རྫོང་དུ་མཁན་ཆེན་ཚེ་བརྟན་དོན་གྲུབ་ནས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

སེམས་ཉིད་དགོན་དགའ་ལྡན་དར་རྒྱས་གླིང་དུ་འབོད་པ་ནི། སྤྱི་ལོ་༡༥༨༤ལོར་རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་རྒྱ་ཕེབས་སྐབས་འདིར་བྱོན་ཏེ་གནས་གཞི་བྱིན་གྱིས་བརླབས་ཤིང༌། དགོན་པ་འདེབས་པའི་གསུང་བཀོད་དང་འབྲེལ་གོང་གི་དགོན་མིང་དེ་བསྩལ། ཕྱིས་སེམས་དཔའ་སྤྲུལ་སྐུ་ངག་དབང་ཕུན་ཚོགས་རྣམ་རྒྱལ་བོད་སྡེ་བ་གཞུང་གི་འབུལ་དཔོན་དུ་བསྐོས་ཏེ་དངོས་འབུལ་ཤིན་ཏུ་གཏོས་ཆེ་བ་མདོ་སྨད་ནས་དབུས་སུ་ལན་མང་དྲངས་སྟབས་རྒྱལ་དབང་པཎ་ཆེན་རྣམ་གཉིས་ཀྱིས་ཐུགས་མཉེས་མཛད་ཅིང་། ཞུས་དོན་བཞིན་ཡེར་བ་ལྷ་རིའི་གདན་ས་བ་མཁན་ཆེན་དོན་གྲུབ་ཚེ་བརྟན་ཆེད་བརྫངས་གནང་ཞིང་། དཔོན་པོ་དོན་གྲུབ་བཟང་བོ་སོགས་སེམས་ཉིད་ཀྱི་མགོ་དཔོན་རྣམས་ཀྱིས་གྲོས་མོལ་བགྱིས་ཏེ་སེར་རྩུད་ཅེས་པའི་སར་དགོན་པ་བཏབ། དེ་ནས་དགོན་ལུང་དམ་ཆོས་རྒྱལ་མཚན་སོགས་གདན་རབས་རིམ་བྱོན་གྱིས་བསྐྱངས་པས་དར་རྒྱས་ཆེ་ཙམ་བྱུང་ཡང་། སྤྱི་ལོ་༡༧༢༣ ལོར་ཆིན་དམག་གིས་དགོན་པ་མེར་བསྲེགས། དེ་ནས་བསྐྱར་བཞེངས་བྱས་པ་སྤྱི་ལོ་༡༩༥༨ ལོར་རྒྱ་ནག་དམར་གཞུང་གིས་རྩ་གཏོར་བཏང་། སྤྱི་ལོ་༡༩༨༣ ལོ་ནས་ས་གནས་ཡུལ་མིས་བསྐྱར་བཞེངས་བྱེད་མགོ་ཚུགས། དགོན་པ་འདིར་བླ་སྤྲུལ་བཅུ་གྲངས་ཤིག་བཞུགས།

 

 

༢    བན་རྒུད་དགོན།

སེམས་རྒུད་དགོན་ནི་སྤྱི་ལོ་༡༦༥༠ལོར་སེམས་ཉིད་རྫོང་དུ་ཧོར་ཆོས་རྗེ་བློ་བཟད་བློ་བཟང་དོན་གྲུབ་ནས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདིའི་དགོན་མིང་དངོས་ནི་སྨིན་གྲོལ་ཐོས་བསམ་དར་རྒྱས་གླི ང་ཡིན།འདེབས་མཁན་ཡོངས་གྲགས་སུམ་པའི་ཆོས་འབྱུང་ལྟར་ཧོར་ཆོས་རྗེ་ཡིན་པར་བཤད་ཀྱང་། བེ་སེར་དུ་ཧོར་རབ་འབྱམས་པ་བློ་བཟང་དོན་གྲུབ་ཀྱིས་བཏབ་པར་བཤད་པས་བརྟག སྤྱི་ལོ་༡༧༢༣ ལོའི་ཆུ་ཡོས་དུས་འཁྲུག་སྐབས་དགོན་པ་ཆིན་དམག་གིས་བསྲེགས། སྤྱི་ལོ་༡༨༦༢ ལོར་འདུ་ཁང་སོགས་བསྐྱར་བཞེངས་བྱས་ཀྱང༌། སྤྱི་ལོ་༡༩༡༢ ལོའི་རྗེས་སུ་ཁ་ཆེའི་ཇག་ཚོགས་ཀྱིས་གཙེས་པ་སོགས་ཀྱིས་དགོན་པ་འཇིག དེ་ནས་དེང་གི་གནས་འདིར་སྨིན་གྲོལ་ཐོས་བསམ་དར་རྒྱས་གླིང་བྱ་བ་བཏབ་ཀྱང་། སྤྱི་ལོ་༡༩༥༨ ལོར་རྒྱ་དམར་གུང་ཁྲན་གྱིས་བཅོམ། སྤྱི་ལོ་༡༩༨༣ ལོ་ནས་ཡུལ་མིས་དང་བླང་བསྐྱར་བཞེངས་བྱས། གསེར་ཁོག་བཙན་པོ་དགོན་གྱི་དགོན་ལག་དགུའི་གྲས་སུ་གཏོགས། མཆོད་གཞིས་འབྲོག་སྡེ་བན་རྒུད་དང་། པ་ཧར། མཱ་ཏེན་ལུང་བ་སོགས་ཡོད་པར་བཤད།

 

 

༣    རྒྱ་ཟློག་དགོན།

རྒྱ་ཟློག་དགོན་ནི་སྤྱི་ལོ་༡༦༤༤རྗེས་ཙམ་ལ་སེམས་ཉིད་རྫོད་ལུང་ཐང་དུ་བླ་མ་གནས་བརྟན་པས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ཉིད་འདེབས་མཁན་སུ་ཡིན་ལ་བཤད་ཚུལ་མི་འདྲ་བ་ཡོད་པ་འདྲ།བཏབ་ནས་ཡུན་རིང་བའི་སྐབས་ཏེ་སྤྱི་ལོ་༡༧༢༢ ལོར་ཆིན་དམག་གིས་དགོན་པ་མེར་བསྲེགས། བླ་གྲྭ་མང་བོ་བསད། སྤྱི་ལོ་༡༨༩༥ ལོར་དགོན་པ་ད་ལྟའི་དགོན་གནས་སུ་སྤོས། གསེར་ཁོག་བཙན་པོ་དགོན་པའི་ལེ་ལག་ཏུ་གཏོགས་པ་འདྲ། སྔར་རྒྱ་མ་སླེབས་གོང་ལ་བླ་སྤྲུལ་གསུམ་བཞུགས། སྤྱི་ལོ་༡༩༥༨ ལོར་རྒྱ་དམར་གྱིས་བཅོམ།དེ་ནས་བཟུང་ད་བར་བསྐྱར་བཞེངས་བྱེད་ཐུབ་མེད།

 

 

༤    བྱ་རྒོད་རྩེའི་རི་ཁྲོད།

བྱ་རྒོད་རྩེའི་རི་ཁྲོད་ནི་སེམས་ཉིད་རྫོང་བྱ་རྒོད་ལུང་བར་བློ་བཟང་དར་རྒྱས་ནས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ཉིད་འདེབས་པོའི་མཚན་ཡོངས་གྲགས་ལ་ཀ་རྩ་རབ་འབྱམས་པ་ཟེར།ཁོང་གསེར་ཁོག་བཙན་པོ་དགོན་གྱི་གྲྭ་བ་ཡིན་སྟབས་རི་ཁྲོད་འདི་གསེར་ཁོག་དགོན་པའི་ལེ་ལག་ཏུ་བགྲང་བ་འདྲ།སྤྱི་ལོ་༡༩༥༨ལོར་རྒྱ་ནག་དམར་ཤོག་པས་བཅོམ་པ་ནས་ད་བར་བསྐྱར་གསོ་བྱེད་མཁན་སུ་ཡང་བྱུང་མེད།

འདིའི་ཁོངས་ཀྱི་དགོན་སྡེ་རི་གཉིས་སྔར་དཔའ་རིས་སྐབས་སོང་ཟིན་པ་ཡིན་ཀྱང་།འདི་ལྟར་ཡོང་དགོས་པའི་རྒྱུ་མཚན་ནི་སྔར་དཔའ་རིས་སྐབས་བཤད་པ་ནི།བོད་རང་གི་ལོ་རྒྱུས་སྤྱི་ལུགས་སུ་བཤད་པ་ཡིན་ལ།འདི་ནི་དེང་གི་ཁུལ་དང་རྫོང་གི་གནས་སྟངས་ལྟར་བཤད་པ་ཡིན་པས་བཟླས་སྐྱོན་དུ་མི་འགྱུར་བ་ཡིན་ནམ་སྙམ།

About རྩོམ་སྒྲིག་པ།