༄༅། །དགོན་ལུང་(ཧོའུ་ཀྲོའུ)རྫོང་ཁོངས་ཀྱི་དགོན་སྡེ།

༡    དམར་གཙང་བྲག་དགོན་པ།

དམར་གཙང་བྲག་དགོན་པ་ནི་བསྟན་པ་ཕྱི་དར་གྱི་མགོར་དམར་གཙང་བྲག་སྟེང་དུ་བླ་ཆེན་དགོངས་པ་རབ་གསལ་མཆོག་ནས་ཕྱག་བཏབ།ཆོས་རྒྱུད་རིས་མེད་ཡིན།

གནས་འདིར་སྤྱི་ལོའི་དུས་རབས་དགུ་བའི་དཀྱིལ་དུ་དམར་གཡོ་གཙང་གསུམ་སྟེ་བོད་ཀྱི་མཁས་པ་མི་གསུམ་གྱིས་སྒོམ་སྒྲུབ་མཛད། བླ་ཆེན་དགོངས་པ་རབ་གསལ་གྱིས་དེ་དག་བླ་མར་བསྟེན་ཏེ་གནས་འདིར་ཡུན་རིང་བཞུགས་ཤིང་སྤྱི་ལོ་༩༧༥ ལོར་འདིར་འདས། སྤྱི་ལོ་༡༥༨༤ ལོར་རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་དགོན་ལུང་དུ་ཆིབས་བསྒྱུར་གནང་སྐབས། ཁོང་གི་ཆིབས་རྟ་དཀར་བོ་ཞིག་ཡོད་པ་གནས་འདིར་ཤི་བས་ཡུལ་མི་རྒྱལ་བའི་ཆིབས་རྟ་རྗེས་དྲན་གྱི་ཆེད་དུ་རྟ་དཀར་དགོན་དུའང་འབོད་ཟེར། སྤྱི་ལོ་༡༧༢༣ ལོའི་ཆུ་ཡོས་དུས་འཁྲུག་ཆེན་མོའི་སྐབས་དགོན་པ་འདི་མ་ཆིན་དམག་གིས་གཏོར་བཅོམ་བཏང་། ཕྱིས་སླར་གསོ་

བྱས་པར་བཤད་ཀྱང་སུས་བྱས་པ་སོགས་ཀྱི་ལོ་རྒྱུས་ཞིབ་ཏུ་མ་མཐོང༌། སྤྱི་ལོ་༡༩༥༨ལོར་རྒྱ་དམར་གྱིས་བཅོམ། ད་ལྟའི་གནས་སྟངས་གསལ་བོར་མ་ངེས།

 

 

༢     དགོན་ལུང་བྱམས་པ་གླིང་།

དགོན་ལུང་བྱམས་པ་གླིང་ནི་སྤྱི་ལོ་༡༦༠༤ལོར་དགོན་ལུང་ཕུག་དུ་རྒྱལ་སྲས་རིན་པོ་ཆེའི་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

རྒྱལ་བ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཆིབས་བསྒྱུར་སྐབས་གཟིགས་སྣང་ཁྱད་པར་བ་མང་དུ་བྱུང་ཞིང་། གནས་གཞིའི་ཐད་འཇའ་ཟུག་པས་མ་འོངས་པར་བཀའ་གདམས་བསྟན་པ་རྒྱས་པར་བྱེད་པའི་ཚད་མའི་སྐྱེས་བུ་འབྱུང་བར་ལུང་བསྟན་ལྟར་རྗེས་སུ་དར་རྒྱས་ཆེན་པོ་བྱུང་ཞིང་བྱང་གི་དགོན་ཆེན་དྲུག་གི་ཡ་གྱལ་ཞིག་ཡིན་ལ། མདོ་སྨད་ཀྱི་བཤད་གྲྭ་ཀུན་གྱི་ཕྱི་མོ་ལྟ་བུར་གྱུར་པ་ཡིན། ཀུན་མཁྱེན་འཇམ་དབྱངས་བཞད་པས་རྒྱུད་པ་གྲྭ་ཚང་བཙུགས་ཤིང་། བྱམས་ཆེན་ཆོས་རྗེ་དང་།རྒྱ་ནག་གོང་མ་ཏཱའི་མིང་མཆོད་ཡོན་ཐུགས་དམ་རྟེན་བཀའ་འགྱུར་འཛམ་གླིང་གཡས་འཇོག་ཀྱང་དགོན་འདིར་བཞུགས་ཀྱང་། སྤྱི་ལོ་༡༩༥༨ ལོའི་གཏོར་བཤིག་སྐབས་ལྷག་ཡོད་མེད་མ་ངེས། སྤྱི་ལོ་༡༩༨༠ ལོའི་རྗེས་སུ་ཡུལ་མིས་དང་བླང་བསྐྱར་བཞེངས་བྱས། འདི་ལ་ཐུའུ་བཀྭན་ཆོས་ཀྱི་ཉི་མས་མཛད་པའི་དཀར་ཆག་དེང་དུས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ལྕགས་དཔར་ལ་བཏབ་པ་ཡོད། འདིའི་ཉེ་ལོགས་སྦས་ཡུལ་དཀར་པོ་གར་བོ་ལྗོངས་སུ་ཤནྟི་བའི་སྒྲུབ་ཕུག་དེང་དུས་ཀྱང་ཤནྟི་སྒྲུབ་ཕུག་ཏུ་གྲགས་པ་དང་། ལ་བ་བའི་སྒྲུབ་ཕུག ནུབ་བྱང་རྡོ་རྗེའི་རིར་ཨུ་རྒྱན་སྒྲུབ་ཁང་། སྟོན་པ་རི། གནས་བརྟན་བཅུ་དྲུག་གིས་གསོ་སྦྱོང་མཛད་པའི་བྲག་རི། གྲུབ་ཆེན་བརྒྱད་ཅུའི་སྒྲུབ་ཕུག་ཏུ་གྲགས་པ་སོགས་གནས་ཁང་མང་།

 

 

༣་     བྲག་རྩེ་མཁའ་སྤྱོད་རྩེ་ལྷ་ཁང་།

བྲག་རྩེ་མཁའ་སྤྱོད་རྩེ་ལྷ་ཁང་ནི་སྤྱི་ལོ་༡༦༠༤ལོར་དགོན་ལུང་ཉེ་ལོགས་སུ་བཏབ།འདེབས་མཁན་མི་གསལ།

འདི་འདེབས་པོ་མི་གསལ་ཡང༌། ལྷ་ཁང་དུ་ཐུའུ་བཀྭན་གོང་མའི་སྐུ་གདུང་བཞུགས་པ་དང༌། ཕྱིས་ཐུའུ་བཀྭན་སྐྱེ་ཕྲེང་ཕྱི་མ་ཞིག་གིས་ཞིག་གསོ་ག་ཞིག་གསོ་གནང་བར་བཤད་པ་ལ་གཞིགས་ན་འདི་བའི་གོང་མ་ཡིན་ནམ་དཔྱད། གནའ་དུས་ས་སྐྱའི་དགོན་པ་ཞིག་ཆགས། ཀརྨ་རོལ་བའི་རྡོ་རྗེ་ཡུན་རིང་བཞུགས། ད་དུང་ལྕང་སྐྱའི་

གཟིམ་ཁང་རྙིང་བར་གྲགས་པར་རྗེ་གྲགས་པ་འོད་ཟེར་གྱི་སྐུ་གདུང་ས་འབུམ་དང་།རྒྱས་སྲས་རིན་པོ་ཆེ་དང་། སུམ་པའི་གཟིམ་ཁང་། གནས་ཆུང་བཙན་ཁང་སོགས་དུ་མ་ཡོད་འདུག་ད་ལྟའི་གནས་སྟངས་མ་ཤེས། སྔར་ཇུང་གར་རྒྱལ་བོ་བཱ་ཐུར་ཧོང་ཐའི་ཇི་དང་། དཔོན་མོ་ཨ་ནུ་སོགས་ཀྱིས་སྦྱིན་བདག་བྱས། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཤིག

 

 

༤    དབེན་གནས་གསང་སྔགས་བདེན་ཆེན།

དབེན་གནས་གསང་སྔགས་བདེན་ཆེན་ནི་སྤྱི་ལོ་༡༧༦༤ལོར་དགོན་ལུང་གཡས་ཀྱི་ལུང་བར་ལྕང་སྐྱ་རོལ་བའི་རྡོ་རྗེ་མཆོག་ནས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདིར་ལྕང་སྐྱ་རོལ་བའི་རྡོ་རྗེ་དགོན་ལུང་ཁྲིར་བཞུགས་སྐབས། འདི་ཉིད་གསར་བཞེངས་མཛད་ཅིང་། མགོན་པོའི་བསྙེན་སྒྲུབ་མཛད་སྐབས་རྟགས་མཚན་བྱུང་ཟེར། དེའི་རྗེས་ཚེ་བློས་བཏང་གི་རི་ཁྲོད་པ་མང་པ་མང་བོ་བྱུང་། ལོ་རྒྱུས་གཞན་མི་གསལ། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཤིག ད་ལྟའི་གནས་སྟངས་མ་ཤེས།

 

 

༥     སྒྲུབ་སྡེ་བྱང་ཆུབ་གླིང་།

སྒྲུབ་སྡེ་བྱང་ཆུབ་གླིང་ནི་སྤྱི་ལོ་༡༦༠༤ལོར་དགོན་ལུང་ཕུ་རུ་སུམ་པ་དཔོན་སློབ་སོགས་ཀྱིས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་བཤད་སྒྲུབ་ཀྱི་སྡེ་གཉིས་ཀྱི་ཡ་གྱལ་དུ་གྲགས་ཤིང་། སུམ་པ་དཔོན་སློབ་དང་རྒྱལ་སྲས་རིན་པོ་ཆེ་གཉིས་ཀྱིས་བཏབ། ཐུའུ་བཀྭན་རིན་པོས་ཆེས་འདུ་ཁང་གསར་བསྐྲུན་མཛད་དེ་སྐྱོང་ཁུར་དཔེ་ཟླ་མེད་པ་གནང་བར་བར་བཤད། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཤིག ད་ལྟའི་གནས་སྟངས་མ་ཤེས།

 

 

༦    ཐུའུ་བཀྭན་ཐུགས་རྗེ་ཆེན་པོ།

ཐུའུ་བཀྭན་ཐུགས་རྗེ་ཆེན་པོ་ནི་དགོན་ལུང་མདུན་མདོ་རུ་བཏབ་ཡོད།འདེབས་མཁན་དང་བཏབ་ལོ་སོགས་མི་གསལ།ཆོས་རྒྱུད་རིས་མེད་ཡིན།

སྔར་འདིར་ཐུགས་ཆེན་པོ་ཕྱག་བཞི་བ་སྐུ་རྒྱུ་ཙན་དན་ལས་གྲུབ་པ་མི་ཚད་ཅིག་བཞུགས་ཤིང་། དེ་ཉིད་མདོ་ཁམས་སུ་སྐུ་གསུང་ཐུགས་རྟེན་བཞེངས་པའི་ཐོག་མར་གྲགས། ཡུལ་མིས་བྱིན་ཅན་དུ་བརྩི། འདིར་ཐུའུ་བཀྭན་གོང་མས་བཞེངས་པའི་དུས་གསུམ་སངས་རྒྱས་ཀྱི་ལྷ་ཁང་ཡང་ཡོད་འདུག སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཤིག ད་ལྟའི་གནས་སྟངས་མ་ཤེས།

 

 

༧  བ་འོད་འཇིག་རྟེན་མགོན་པོ།

བ་འོད་འཇིག་རྟེན་མགོན་པོ་ནི་དགོན་ལུང་ལུང་པར་ཡོད།འདེབས་མཁན་དང་བཏབ་ལོ་མི་གསལ།ཆོས་རྒྱུད་རིས་མེད།

འདི་འབྲི་གུང་སྐྱུ་ར་རིན་པོ་ཆེའི་སྐུ་བརྙན་བཞུགས་པའི་ལྷ་ཁང་ཞིག་ཡིན་ལ། སྔར་འབྲི་གུང་སྐྱུ་རའི་དཔོན་པོ་ཞིག་གིས་ཛམ་བྷ་ལྷ་བསྒྲུབས། མཚམས་ཤིག་ཛམ་ལྷའིསྐུ་བརྙན་གྱི་གསུས་པ་ཆེ་རུ་སོང་བར་ངེད་ལ་དངོས་གྲུབ་མི་སྟེར་བར་ཁྱེད་ཀྱི་གསུས་པ་ཆེ་བས་ཅི་ཕན་ཞེས་མཛུབ་མོས་བསྣུན་པས་སྐུ་འདྲའི་གསུས་པ་བརྡོལ་

ཏེ་དངུལ་ཆུ་ཟད་མི་ཤེས་པ་བྱུང་། དངུལ་ཕུད་ཀྱིས་འབྲི་གུང་འཇིག་རྟེན་མགོན་པོའི་སྐུ་མང་དུ་བཞེངས་པའི་ནང་གི་གཅིག་ཡིན་པར་གྲགས། ལུའུ་ཙིའི་དམག་གིས་སྙན་ལ་རལ་གྲི་བརྒྱབས་པས་འཕུར་བ་སོགས་ཀྱི་ལོ་རྒྱུས་ཀྱང་གསལ། ནང་སོ་གོང་མ་བླ་མ་ཆོས་དཔལ་བཟང་བོ་བྱ་བ་རྒྱ་ནག་གོང་མས་མཆོད་གནས་སུ་བཀུར་བའི་བཀའ་ཤོག་དང་ཐམ་ག་སོགས་ཀྱང་འདིར་ཡོད་ཟེར། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཤིག ད་ལྟའི་གནས་སྟངས་མ་ཤེས།།

༨      པྲ་སྟི་ཁྲན་ཚོང་བསམ་གཏན་གླིང་།

པྲ་སྟི་ཁྲན་ཚོང་བསམ་གཏན་གླིང་པ་ནིདགོན་ལུང་ཕྱོགས་སུ་པྲ་སྟི་ངག་དབང་དགེ་འདུན་ནས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

རི་ཁྲོད་འདིར་ཁྲན་ཚོང་རི་ཁྲོད་ཅེས་རྒྱ་མིང་ཡང་ཡང་ཡོད་འདུག་ཅིང་། འདི་རྒྱ་སྐད་དུ་ཁྲན་ཚོང་ཟེར་སྲོལ་ལ་གཞིགས་ན་སྒོམ་གཙོ་བོར་བྱས་པ་ལས་བཏགས་པ་ཞིག་ཏུ་མངོན། ཐུའུ་བཀྭན་རིན་པོ་ཆེས་འདུ་ཁང་བཞེངས། ཕྱིས་པྲ་སྟི་སྤྲུལ་སྐུ་གཙོས་སྡེ་སྒར་གཉིས་ཀྱིས་མགོ་ཕུལ་ཏེ་སྒར་བའི་རྟེན་རྩིས་དང་བཅས་འབུལ་སྦྱོར་ཞུས་ཟེར། འཕགས་པ་ཤཱ་རིའི་བུའི་སྣམ་སྦྱར་སོགས་ནང་རྟེན་མང་བོ་བཞུགས། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཤིག ད་ལྟའི་གནས་སྟངས་མ་ཤེས།

 

༩       བྲ་མ་ལུད་རི་ཁྲོད།

བྲ་མ་ལུད་རི་ཁྲོད་ནི་སྤྱི་ལོ་༡༦༩༨ལོར་དགོན་ལུང་ཕྱོགས་སུ་ཆོས་རྗེ་དགེ་འདུན་རབ་བརྟན་ནས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་མཚོ་སྔོན་ནང་བསྟན་དགོན་སྡེའི་ལོ་རྒྱུས་སུ། རི་ཁྲོད་འདི་རུས་རྒྱུད་ལིས་ཅན་གྱི་ཁྱིམ་ཚང་ཞིག་གི་སྒེར་གྱི་ལྷ་ཁང་ཡིན་ཞིང་། ཁྱིམ་དེའི་ཞིང་སའི་ནང་ཡོད། གྲྭ་བ་ཡང་ལིས་ཀྱི་ཚང་གི་མི་རྒྱུད་རྐྱང་ཡིན་ཟེར། མདོ་སྨད་ཆོས་འབྱུང་དུ་འདེབས་མཁན་དང་བཏབ་ལོ་ཙམ་ལས་མི་གསལ། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཤིག ད་ལྟའི་གནས་སྟངས་མ་ཤེས།

 

 

༡༠      རྫོང་ཞི་རི་ཁྲོད།

རྫོང་ཞི་རི་ཁྲོད་ནི་སྤྱི་ལོ་༡༧༢༥ལོར་དཔའ་རིས་པྲ་མ་ལུང་དུ་ལི་ཀྱཱ་གྲགས་པ་བཀྲ་ཤིས་ནས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

མདོ་སྨད་ཆོས་འབྱུང་དུ་འདིའི་བཏབ་ལོ་དང་འདེབས་མཁན་ཙམ་ལས་མ་བྱུང་ལ། འབྲེལ་ཡོད་ཀྱི་ལོ་རྒྱུས་ཡིག་ཆ་གཞན་གང་ཡང་མ་རྙེད། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཤིག ད་ལྟའི་གནས་སྟངས་མ་ཤེས།

 

 

༡༡      འབྲུག་ལུང་དགའ་ལྡན་བཤད་སྒྲུབ་གླིང་།

འབྲུག་ལུང་དགའ་ལྡན་བཤད་སྒྲུབ་གླིང་ནི་སྤྱི་ལོ་༡༧༣༦།༡༧༩༥བར་དཔའ་རིས་དགོན་ལུང་ཕྱོགས་སུ་དོན་ཡོད་བློ་གྲོས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་སྔར་གྱི་སྒོམ་ཞིས་ཞེས་པའི་བཞུགས་གནས་ཡིན་འདུག་ལ། དེའི་དབོན་པོ་ལུ་ཀྱི་རབ་འབྱམས་པ་དོན་ཡོད་བློ་གྲོས་ཀྱིས་བཏབ། ཐུའུ་བཀྭན་རིན་པོ་ཆེ་ཁྲིར་ཕེབས། མཚོ་སྔོན་ནང་བསྟན་དགོན་ཁག་ལོ་རྒྱུས་སུ་འདི་བཏབ་ནས་ཡུན་རིང་མ་སོང་བར་དམག་འཁྲུག་གིས་འཇིག སྤྱི་ལོ་༡༨༢༦ ལོར་ད་ལྟའི་དགོན་གནས་སུ་ལུ་ཀྱ་བླ་མས་བསྐྱར་འདེབས་མཛད་ཅེས་བྲིས་འདུག ལོ་རྒྱུས་གཞན་མ་རྙེད། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཤིག ད་ལྟའི་གནས་སྟངས་མ་ཤེས།

 

 

༡༢    སྟོད་བཤགས་བཀྲ་ཤིས་ཆོས་གླིང་།

སྟོད་བཤགས་བཀྲ་ཤིས་ཆོས་གླིང་ནི་སྤྱི་ལོ་༡༦༨༧ལོར་དཔའ་རིས་ཕྱོགས་སུ་སྒོམ་ཞིས་དགེ་འདུན་བློ་གྲོས་ནས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

དགོན་འདི་འདེབས་པ་བོའི་མཚན་ཡོངས་གྲགས་ལ་སྒོམ་ཞིས་གྲུབ་ཆེན་ཟེར་ཞིང་། འབྲུག་ལུང་དགའ་ལྡན་བཤད་སྒྲུབ་གླིང་། རི་ཁྲོད་བསམ་གཏན་རྩེ་སོགས་འདི་གའི་དགོན་ལག་ཏུ་གཏོགས་པ་མང་། ལོ་རྒྱུས་ཐོག་དགོན་པ་འདིས་གྲོ་ཚང་སུམ་ཆའི་གཉིས་ལ་དབང་བསྒྱུར་བྱེད་པའི་ནུས་པ་ཡོད་ཅེས་མཚོ་སྔོན་ནང་བསྟན་

དགོན་པའི་ལོ་རྒྱུས་སུ་བཤད། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཤིག་ད་ལྟའི་གནས་སྟངས་མ་ཤེས།

 

༡༣    སྟོད་བཤགས་སྨད་སེར་སྡིད་རི་ཁྲོད།

སྟོང་བཤགས་སྨད་སེར་སྡིང་རི་ཁྲོད་ནི་དཔའ་རིས་ཕྱོགས་སུ་ཡོད།ཆོས་རྒྱུད་དགེ་ལུགས་ཡིན།

སེར་སྡིང་རི་ཁྲོད་འདིར་གྲྭ་རིགས་ཤིག་བསྡད་པ་ལས་ཆགས་ཤིང་། རྗེས་སོར་གོང་བ་སྐུ་སྐྱེས་ཀྱིས་བསྐྱངས་ཟེར་བ་ཙམ་ལས་ལོ་རྒྱུས་གཞན་མ་རྙེད། དེང་དུས་ལོ་རྒྱུས་ཤིག་ཏུ་འདི་ཉིད་གྲོ་ཚང་ཁོངས་སུ་ཡོད་པར་བཤད། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཤིག ད་ལྟའི་གནས་སྟངས་མ་ཤེས།

 

 

༡༤   ཨ་ཀྱ་རི་ཁྲོད།

ཨ་ཀྱ་རི་ཁྲོད་ནི་གྲོ་ཚང་རྨ་བྱ་རིར་ཞབས་དྲུང་སྦྱིན་པ་རྒྱ་མཚོས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་འདེབས་པ་བོའི་མཚན་ལ་སྨོན་རམས་ཞབས་དྲུང་ཟེར་ཞིང་། དགོན་ལུང་དགོན་ལག་ཏུ་གཏོགས། ཨ་ཀྱཱ་ཞབས་དྲུང་དང་ནང་སོ་བཟང་བོ་གཉིས་ཀྱིས་བསྐྱངས། མ་དགོན་ཡང་བཀྲ་ཤིས་ཆོས་གླིང་ནས་དགོན་འདིའི་ཆོས་སྤྱོད་ཐམས་ཅད་ལ་བཀོད་པ་བྱེད་ཟེར། བཏབ་ལོ་གསལ་བའི་ཡིག་ཆ་མ་མཐོང་། སྤྱི་ལོ་༡༩༥༨ལོ་དང་རིག་གསར་སྐབས་རྒྱས་བཤིག ད་ལྟའི་གནས་སྟངས་མ་ཤེས།

 

 

 

༡༥    མཱ་ཆི་རི་ཁྲོད།

མཱ་ཆི་རི་ཁྲོད་ནི་གྲོ་ཚང་དུ་ཕུན་ཚོགས་རྒྱ་མཚོས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

དགོན་འདི་འདེབས་པ་བོའི་མཚན་ཡོངས་གྲགས་ལ་སྲེ་ཡི་སྒོམ་ཆེན་ཟེར་སྣང་། བཏབ་ལོ་སོགས་ལོ་རྒྱུས་གཞན་མ་རག སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཤིག ད་ལྟའི་གནས་སྟངས་མ་ཤེས།

 

 

༡༦་    དགོན་གསར་ཐར་བ་གླིང་།

དགོན་གསར་ཐར་བ་གླིང་ནི་གྲོ་ཚང་ཙཱ་ཚེ་རུ་ཐུའུ་བཀན་ཆོས་ཀྱི་ཉི་མས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདིར་སྔར་དབུས་རྒྱུད་པས་བཏང་བའི་འབུལ་སྡུད་པ་ཞིག་བསྡད་པའི་སྒར་ལ་བརྟེན་ནས་ཆགས་ཤིང་། རྒྱལ་དབང་རིན་པོ་ཆེས་གནང་བའི་བཀའ་ཤོག་ངོ་མཚར་བ་ཡོད་ཟེར། ཕྱིས་པཎ་ཆེན་རིན་པོ་ཆེས་ཐུའུ་བཀྭན་པར་བཀའ་བཀོད་གནང་བ་ལྟར་ཙ་ཚེ་ཞེས་པའི་སར་དགོན་འདི་ཉིད་བཏབ་ཅིང་། སྔར་གྱི་རྒྱུད་པ་སྒར་ཆོས་འཁོར་གླིང་འདི་དང་ཟླ་བསྒྲིལ་བྱས་པར་བཤད། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཤིག། ད་ལྟའི་གནས་སྟངས་མ་ཤེས།

 

 

 

༡༧    ལེན་ཧ་ཐེ་དགའ་ལྡན་གནས་བཅུ་འཕེལ་རྒྱས་གླིང་།

ལེན་ཧ་ཐེ་དགའ་ལྡན་གནས་བཅུ་འཕེལ་རྒྱས་གླིང་ནི་སྤྱི་ལོ་༡༦༩༤ལོར་བཀའ་མ་ལོག་བྱང་རྒྱུད་དུ་ལི་ཀྱ་ངག་དབང་ཆོས་རྒྱལ་ནས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ནི་ལི་ཀྱི་སྐུ་སྐྱེ་ངག་དབང་ཆོས་རྒྱལ་གྱིས་བཏབ། བཙན་པོའི་བསྡུས་གྲྭ་དང༌། ཡུམ་སོགས་གསུང་རབ་ཀྱི་པར་མང་བར་བཤད། ཆུ་ཡོས་དུས་འཁྲུག་སྐབས་མན་ཇུའི་དམག་གིས་གཏོར་བཅོམ་ཚབས་ཆེན་ཐེབས་པས། སྔར་གྱི་རྒྱུད་པ་དང་དུས་འཁོར་། མཚན་ཉིད་བཅས་གྲྭ་ཚང་གསུམ་ཡོད་པ་ལས་མཚན་ཉིད་གྲྭ་ཚང་ལས་བསྐྱར་གསོ་བྱ་མ་ཐུབ། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཤིག    ད་ལྟའི་གནས་སྟངས་མ་ཤེས།

 

 

༡༨     པྲ་སྟི་ལྔ་མཆོད་སྒར།

པྲ་སྟི་མཆོད་སྒར་ནི་དུས་རབས་༡༡མགོ་ཙམ་ལ་དགོན་ལུང་གི་ནུབ་བྱང་ཁུལ་དུ་པྲ་སྒོམ་ཆོས་ཀྱི་རྡོ་རྗེས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

དགོན་འདི་པྲ་སྒོམ་ཆོས་ཀྱི་རྡོ་རྗེས་ཕྱག་འདེབས་མཛད་པ་ཡིན་སྟབས།གུང་ཐང་བསྟན་པའི་སྒྲོན་མེས་མེས་མཛད་པའི་ཐུའུ་བཀྭན་ཆོས་ཀྱི་ཉི་མའི་རྣམ་ཐར་དུ།པྲ་སྒོམ་ཆོས་ཀྱི་རྡོ་རྗེ་བྱོན་དུས་ཇོ་བོ་བོད་དུ་མ་ཕེབས་གོང་ཡིན་པར་གསུངས་ཚུལ་ལ་དཔགས་ན། དུས་རབས་༡༡ པའི་ཡར་སྔོན་ཞིག་ཡིན་དགོས། མཚོ་འགྲམ་གྱི་

བོད་སྡེའི་དཔོན་པོ་ཀེ་ཁོད་སོགས་ཀྱིས་མཆོད་བླར་བཀུར་ཞིང་། འདི་ནས་མཆོད་གནས་གྲྭ་བ་རེ་བཏང་བས་པྲ་སྡེའི་སྒར་བ་བཅུ་གསུམ་སོགས་བྱུང་ཟེར། མདོ་སྨད་ཀྱི་དགོན་པ་རྙིང་གྲས་ཤིག་ཡིན་འདུག།

པྲ་སྟི་འབུལ་དཔོན་ཤེས་རབ་གྲགས་ཀྱིས་རྒྱལ་སྲས་རིན་པོ་ཆེ་གདན་དྲངས།ཟི་ཁྲོན་ལོའི་ཙིའི་མཆོད་གཞིས་གྲོང་ཚོ་དུ་མ་ཚོ་དུ་མ་བཅོམ། ལྔ་མཆོད་ནང་སོ་བཟོད་པ་བརྩོན་འགྲུས་སོགས་ཀྱིས་འཁྲུག་པ་མནན། དགོན་ལུང་རྒྱ་དམག་གིས་བཅོམ་ལ་ཉེ་སྐབས། པྲ་སྟིའི་ནང་སོ་བཟོད་པ། ནང་སོ་བཟང་བོ། ནང་སོ་ནོར་སོགས་ཀྱིས་

ནོར་རྫས་ཕངས་མེད་བྱིན་ཏེ་དམག་ངོ་བཟློག་པས་དགོན་ལུང་བ་ལ་བྱས་རྗེས་ཆེ་གསུངས། ནང་སོ་གོང་མ་རྣམས་སྟག་ལུང་བ་དང་འབྲེལ་ཆེ་བས་བཀའ་བརྒྱུད་ཕྱོགས་ཀྱི་རྟེན་བྱིན་ཅན་མང་། འདིར་པྲ་སྟི་སྒྲོལ་མ་གསུང་འབྱོན་ཞེས་དམ་འབྱར་མ་དང་། མཁའ་འགྲོ་སུ་ཁ་སུདྡྷིའི་དབུ་ཐོད་སྐྲ་དང་བཅས་པ་རྣ་རྒྱན་དར་དཔྱངས་ཅན། ཨ་ཡིག་རང་བྱོན་ཡོད་པའི་རྗེའི་ཚེམས་དང་ན་བཟའ་ཆ་ཚང་སོགས་ང་སོགས་རྟེན་རྙིང་

བྱིན་ཅན་མང་དུ་ཡོད་པར་གསུངས་སོ།། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཤིག ད་ལྟའི་གནས་སྟངས་མ་ཤེས།

 

 

༡༩     མང་འདུས་རི་ཁྲོད་ཆོས་ལུད་དགེ་འཕེལ་གླིང་།

མང་འདུས་རི་ཁྲོད་ཆོས་ལུད་དགེ་འཕེལ་གླིང་ནི་སྤྱི་ལོ་༡༦༦༢།༡༧༢༢བར་དགོན་ལུང་ནུབ་བྱང་ཁུལ་དུ་ལི་ཀྱཱ་སྨོན་རམས་པས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

དགོན་འདིར་ཐོག་མར་ལི་ཀྱ་སྨོན་རམས་པ་སྐུ་ཕྲེང་དང་བོས་སྒོམ་སྒྲུབ་བྱས་ཏེ་རི་ཁྲོད་བཏབ། དུས་རབས་ཉི་ཤུ་བའི་སྟོད་ཙམ་ལ་ཐུའུ་བཀྭན་སྐུ་ཕྲེང་བདུན་པས་འཛིན་བདག་གིས་ཞིག་གསོ་དང་རྒྱ་བསྐྱེད་མཛད། མཱ་ཀྱ་རབ་འབྱམས་པ་ངག་དབང་བཟང་བོ་བཞུགས། ཆུ་བཟང་གི་དགོན་ལག་ཡིན། སྤྱི་ལོ་༡༩༥༨ ལོ་དང་རིག་

གསར་སྐབས་རྒྱས་བཤིག ད་ལྟའི་གནས་སྟངས་མ་ཤེས།

 

 

༢༠    ཤིད་ལུད་རབ་བརྟན་བསམ་འགྲུབ་གླིང་།

ཤིད་ལུང་རབ་བརྟན་བསམ་འགྲུབ་གླིང་ནི་སྤྱི་ལོ་༡༦༤༤ལོའི་ཡས་མས་ཤིག་ལ་ཆུ་བཟང་གི་ཐག་ཉེ་རུ་དགོན་ལུང་བཀའ་བཅུ་གྲགས་པས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ཡང་དགོན་ལུང་རྫོང་མཁར་གྱི་ཤར་བྱང་སྤྱི་ལེ་༡༥ སར་ཡོད། སྔར་དགོན་ལུང་བྱམས་པ་གླིང་གི་དགོན་ལག་ཡིན་ཀྱང་། ཕྱིས་བཙན་པོ་དོན་གྲུབ་རྒྱ་མཚོས་བླངས་ཏེ་བཙན་པོ་དགོན་དགའ་ལྡན་དམ་ཆོས་གླིང་གི་དགོན་ལག་ཏུ་གྱུར།སྤྱི་ལོ་༡༧༢༢ ལོའི་ཆུ་ཡོས་དུས་འཁྲུག་སྐབས་ཆིན་དམག་གིས་གཏོར་བཅོམ་བཏང་།

ཕྱིས་བསྐྱར་བཞེངས་བྱས་ཀྱང་། སྤྱི་ལོ་༡༩༦༢ ལོར་རྒྱ་དམར་གུང་ཁྲན་གྱིས་བཅོམ་སྟེ་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༧ ལོར་ཡུལ་མིས་དང་བླང་གིས་བསྐྱར་བཞེངས་བྱས།

 

 

 

༢༡    བུམ་པ་ཆོས་ལུང་རི་ཁྲོད།

འདི་ཉིད་སྔར་རི་ཁྲོད་པ་འགའ་ཞིག་བསྡད་པ་ལས་ཆགས་པ་ཞིག་ཡིན་འདུག་ཀྱང་། མདོ་སྨད་ཆོས་འབྱུང་དུ་མིང་ཙམ་ལས་མི་གསལ། འབྲེལ་ཡོད་ཀྱི་ཡིག་ཆ་གཞན་མ་རྙེད། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཤིག། ད་ལྟའི་གནས་སྟངས་མ་ཤེས།

 

 

༢༢    ཆུ་བཟང་དགོན་དགའ་ལྡན་མི་འགྱུར་གླིང་།

ཆུ་བཟང་དགོན་དགའ་ལྡན་མི་འགྱུར་གླིང་ནི་སྤྱི་ལོ་༡༦༤༩འབུམ་ལུང་བཀྲ་ཤིས་ཐང་དུ་ཆུ་བཟང་རྣམ་རྒྱལ་དཔལ་འབྱོར་ནས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

༼འདི་ཐོག་མར་གུར་སྒར་ཡིན་འདུག་ཀྱང་། ཕྱིས་སྤྱི་ལོ་༡༦༤༩ ལོར་ཆུ་བཟང་རྣམ་རྒྱལ་དཔལ་འབྱོར་གྱིས་ཁང་དགོན་དུ་བསྒྱུར་ཞེས་མཚོ་སྔོན་ནང་བསྟན་དགོན་སྡེའི་ལོ་རྒྱུས་སུ་བཤད། ཆུ་ཡོས་དུས་འཁྲུགས་སྐབས་ཆིན་དམག་གིས་གཏོར་སྲེག་བྱས་ཏེ་ཉམས་ཆག་ཚབས་ཆེན་བྱུང་། སྤྱི་ལོ་༡༨༢༠ ལོར་ལྕང་སྐྱ་དང་ཐུའུ་བཀན་

རྣམ་གཉིས་ཀྱིས་བསྐྱར་བཞེངས་མཛད། ཆུ་བཟང་བ་འདི་ཉིད་རྗེའི་དངོས་སློབ་གསུང་རབ་མང་དུ་མཁྱེན་པའི་བསྟན་འཛིན་བཅུ་གཉིས་ཀྱི་ཡ་གྱལ། འབྲོམ་བཙུན་ཤེར་འབྱུང་བློ་གྲོས་སྦས་པ་ཡིན་པར་བཤད།

སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཤིག ད་ལྟའི་གནས་སྟངས་མ་ཤེས། ཤར་སྐལ་ལྡན་སྐུ་ཕྲེང་ཕྱི་མ་རིམ་པར་བྱོན་པའི་གནས་ཆུ་བཟང་རྭ་ལོ་ཐང་ཡང་འདིའི་ཁོངས་སུ་ཡོད། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཤིག སྤྱི་ལོ་༡༩༨༠ ལོའི་རྗེས་སུ་ཆུ་བཟང་རིན་པོ་ཆེ་ཀ་མདོའི་གདོང་དམར་སྣའི་བཙོན་འོག་

ནས་ཐར་ཏེ། རིམ་གྱིས་བླ་བྲང་དང་བྱ་ཁྱུང་སོགས་ཀྱི་ངོ་ཤེས་གྲོགས་པོ་དག་ལ་མ་དངུལ་གཡར་ཏེ་དགོན་སྡེ་བསྐྱར་བཞེངས་ཀྱི་ལས་གཞི་མགོ་བརྩམས་ཚུལ་སོགས་ཁོང་གི་རྣམ་ཐར་ཉེ་དུས་བསྒྲིགས་པ་ཞིག་ཏུ་མཐོང་། རྒྱལ་དབང་བསྐལ་བཟང་བའི་ཡོངས་འཛིན་ཆུ་བཟང་རིན་པོ་ཆེའང་འདི་ནས་ཡིན།།

 

 

 

༢༣    ཆོས་བཟང་རི་ཁྲོད།

ཆོས་བཟང་རི་ཁྲོད་ནི་སྤྱི་ལོ་༡༧༣༥ལོར་དགོན་ལུང་རྒྱབ་དུ་ཐུའུ་བཀན་ངག་དབང་ཆོས་ཀྱི་རྒྱ་མཚོས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

གནས་འདིར་ལྕང་སྐྱ་རོལ་རྡོར་དང་ཐུའུ་བཀྭན་ན་རིམ་གྱིས་སྒྲུབ་པ་མཛད་ཅིང་རྣལ་འབྱོར་བརྙེས་ཟེར། འདི་དང་ཉེ་ཁད་དུ་ཀརྨ་རོལ་བའི་རྡོ་རྗེ་ཡུན་རིང་བཞུགས་པའི་གནས་ཁྱད་པར་ཅན་དོན་གྲུབ་གཞིས་ཀ་གཟིམ་ཤག་དང༌། ཨུ་རྒྱན་གླིང་། སྐྱེད་ཚལ་ཡིད་དགའ་ཆོས་འཕེལ་སོགས་སྒྲུབ་གནས་མང༌། སྤྱི་ལོ་༡༩༥༨དང་རིག་གསར་སྐབས་རྒྱས་བཤིག ད་ལྟའི་གནས་སྟངས་མ་ཤེས།།

 

༢༤   ཅོག་ཚ་སྒར།

ཅོག་ཚ་སྒར་ནི་དགོན་ལུང་གི་ཐག་ཉེ་རུ་ཡོད།འདེབས་མཁན་དང་བཏབ་ལོ།ཆོས་རྒྱུད་གང་དུ་གཏོགས་མིན་སོགས་མ་ཤེས།

འདི་ཐོག་མར་ས་ལུགས་ཡིན་པར་སྣང་ཡང་ཕྱིས་ཀྱི་ཆོས་རྒྱུད་མ་ཤེས། སྤྱི་ལོ་༡༧༢༣ ལོའི་ཆུ་ཡོས་དུས་འཁྲུག་ཆེན་མོའི་སྐབས་ཆིན་དམག་གིས་གཏོར་བཅོམ་ཐེངས་གཉིས་པ་བྱས། ཕྱིས་ཡུལ་མི་ཉམ་ཐག་རྣམས་ཀྱིས་སླར་གསོ་བྱས། སྤྱི་ལོ་༡༩༦༦ ལོར་རྒྱ་དམར་གྱིས་བཅོམ། སྤྱི་ལོ་༡༩༨༧ ལོ་ནས་ཡུལ་མིས་སླར་གསོ་བྱས།

 

 

༢༥    ཀྱི་ཙང་སྒར།

ཀྱི་ཙང་སྒར་ནི་ས་སྐྱའི་སྐབས་སུ་དགོན་ལུང་གི་ཐག་ཉེ་རུ་བཏབ་ཡོད།ཆོས་རྒྱུད་དགེ་ལུགས་ཡིན།

འདི་དགོན་ལུང་རྫོང་མཁར་གྱི་ནུབ་ལྷོའི་སྤྱི་ལེ་༧ གྱི་སར་ཡོད། སྔར་དགོན་འདིར་གསོ་རིག་གི་འཆད་ཉན་རྒྱས་པས་སོག་ཡུལ་སོགས་ཀྱི་སློབ་གཉེར་བ་མང་རབས་ཟེར། ཕྱིས་ཀྱི་ཙང་བླ་མ་སྐུ་ཕྲེང་གིས་སྐྱོང་བྱས། སྤྱི་ལོ་༡༩༥༨ ལོར་རྒྱ་གཞུང་གིས་བཅོམ་སྟེ་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༡ ལོར་ཀྱི་ཙང་བླ་མས་སྣེ་ཁྲིད་དེ་ཡུལ་མིས་

དང་བླང་སླར་གསོ་བྱས།།

About རྩོམ་སྒྲིག་པ།