༄༅། །དཔའ་རིས་མཆོད་རྟེན་ཐང་སོགས་ཀྱི་དགོན་སྡེ།

༡བན་རྒུད་དགོན།

བན་རྒུད་དགོན་ནི་དཔའ་རིས་ཁོངས་སུ་ཧོར་ཆོས་རྗེས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

མདོ་སྨད་ཆོས་འབྱུང་དུ་འདི་ཉིད་སུམ་པ་མཁན་པོས་ཧོར་ཆོས་རྗེས་བཟུང་ཟེར་ཞེས་བཤད་པ་ཙམ་ལས་ལོ་རྒྱུས་གཞན་མ་རྙེད། བཏབ་ལོ་ཡང་མི་གསལ། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཅོམ་པ་ནས་ད་ལྟའི་གནས་ཚུལ་མ་ཤེས།

 

 

༢      སྤུའི་ཆོས་སྡེ་བསྐྱེད་རྫོགས་གླིང་།

སྤུའི་ཆོས་སྡེ་བསྐྱེད་རྫོགས་གླིང་ནི་དཔའ་རིས་ཁོངས་སུ་ངག་དབང་འཕྲིན་ལས་ལྷུན་གྲུབ་ནས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

སེར་དུ་འདི་ཉིད་མེརྒན་ཧུང་ཐའི་ཇིས་སྦྱིན་བདག་བྱས་ཏེ་བཏབ་པར་བཤད། མདོ་སྨད་ཆོས་འབྱུང་དུ་གཞིས་དགོན་སྔགས་ལུགས་ཚོགས་པ་བརྒྱད་ཅུ་སྐོར་གསུངས་པ་ངོ་མ་འཕྲོད་གསུངས། སྔ་མ་དང་འདི་གཉིས་འདེབས་མཁན་དང་སྦྱིན་བདག་གཅིག་ཡིན་པ་འདྲ། ལོ་རྒྱུས་གཞན་མི་གསལ། སྤྱི་ལོ་༡༩༥༨ ལོ་དང༌རིག་གསར་སྐབས་རྒྱས་བཅོམ་པ་ནས་ད་ལྟའི་གནས་ཚུལ་མ་ཤེས།

 

 

 

༣     ཀན་ཆེན་དགོན།

ཀན་ཆེན་དགོན་ནི་སྤྱི་ལོ་༡༦༥༤ལོར་དཔའ་རིས་ཀན་ཆེན་དུ་འདན་མ་ཚུལ་ཁྲིམས་རྒྱ་ནམཚོས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདིའི་དགོན་མིང་དངོས་ལ་ཐེག་ཆེན་ཐར་བ་གླིང་ཟེར། དགོན་ལུང་གི་དགོན་ལག་ཡིན། འདི་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཐུགས་སྲས་སྟོང་ཉིད་རྟོགས་པའི་གྲུབ་ཆེན་བཞིའི་ནང་ཚན། བསམ་བློ་བ་འདན་མ་ཚུལ་ཁྲིམས་རྒྱ་མཚོས་བཏབ།འཆད་ཉན་བཙུགས་པ་ནས་དགོན་མིང་ལ་དགའ་ལྡན་ལེགས་བཤད་གླིང་ཐོགས་པར་བཤད། ཐུའུ་བཀྭན་རིན་པོ་ཆེ་སོགས་སྐྱེས་ཆེན་མང་བོ་ཁྲིར་ཕེབས། འདི་བས་བཏབ་པའི་རི་ཁྲོད་ཅིག་ཀྱང་ཡོད་འདུག་མོད་ལོ་རྒྱུས་མི་གསལ་བས་གར་ཡོད་མ་ངེས། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཅོམ་པ་ནས་ད་ལྟའི་གནས་ཚུལ་མ་ཤེས།

 

༤     ཆོས་ལུང་ཐོས་བསམ་གླིང་།

ཆོས་ལུང་ཐོས་བསམ་གླིང་ནི་རབ་བྱུང་༡༡ ནང་བློ་བཟང་དོམ་གྲུབ་ནས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

དགོན་འདི་འདེབས་པ་པོའི་མཚན་ཡོངས་གྲགས་ལ་ཧོར་རབ་འབྱམས་པ་ཟེར། སྡེ་སྲིད་ཀྱི་བཻ་སེར་དུ་རྒྱལ་དབང་གི་ལུང་བཞིན་བཏབ་པར་བཤད་ཅིང་། རྒྱལ་དབང་ལྔ་བའི་ཕར་ཕྱིན་བློ་བཟང་དགོངས་རྒྱན་ཐོག་ནས་འཆད་ཉན་བཙུགས། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཅོམ་པ་ནས་ད་ལྟའི་གནས་ཚུལ་མ་ཤེས།

 

 

༥      དཔེ་འགྲེ་བཤད་སྒྲུབ་གླིང་།

དཔེ་འགྲེ་བཤད་སྒྲུབ་གླིང་ནི་རབ་བྱུང་༡༡ནང་དཔའ་རིས་ཁོངས་སུ་བློ་བཟང་དོན་གྲུབ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

དགོན་འདི་འདེབས་པ་པོའི་མཚན་ཡོངས་གྲགས་ལ་ཧོར་རབ་འབྱམས་པ་ཟེར། འདི་དགེ་ལུགས་ཀྱི་སྔགས་གྲྭ་ཞིག་ཡིན་ཟེར། སྔ་མ་དང་འདི་གཉིས་འདེབས་མཁན་གཅིག་ཡིན། ལོ་རྒྱུས་གཞན་མི་གསལ། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཅོམ་པ་ནས་ད་ལྟའི་གནས་ཚུལ་མ་ཤེས།

 

 

༦       ཟབ་ལུང་རི་ཁྲོད།

ཟབ་ལུང་རི་ཁྲོད་ནི་སྤྱི་ལོ་༡༦༥༤ལོར་དཔའ་རིས་ཟབ་ལུང་དུ་རྒྱ་ཏིག་དཀོན་མཆོག་ཡར་འཕེལ་ལགས་ནས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

དགོན་འདི་དཔའ་རིས་རྒྱ་ཏིག་སྐུ་ཕྲེང་གིས་སྐྱོང་བར་བཤད། ལོ་རྒྱུས་ཞིབ་ཆ་གསལ་བའི་ཡི་གེ་མ་མཐོང༌། འདིར་གཞི་གསུམ་གྱི་ལག་ལེན་གཙང་ཞིང༌། ཁྱི་ར་སྐོར་གསུམ་གྱི་གར་འཆམ་ཡང་ཡོད་པར་བཤད། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཅོམ་པ་ནས་ད་ལྟའི་གནས་ཚུལ་མ་ཤེས། ནི། །

 

 

 

༧     མཱ་ཡང་དགོན་བཀྲ་ཤིས་ཆོས་གླིང་།

མཱ་ཡང་དགོན་བཀྲ་ཤིས་ཆོས་གླིང་ནི་སྤྱི་ལོ་༡༧༤༠ལོར་དཔའ་རིས་མཱ་ཡང་དུ་ལྷུན་གྲུབ་དར་རྒྱས་ནས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་བའི་མཚན་ཡོངས་གྲགས་ལ་ཨ་ལག་ཤ་བ་ཆོས་རྗེ་ཟེར། སུམ་པ་རི་ཁྲོད་ནས་ཚང་མ་མར་སྤོས་ནས། ཨ་ཀྱ་སྒར་བ་དང་དྭགས་པོ་ཞབས་དྲུང་གིས་བདག་རྐྱེན་ཅུང་ཟད་རེ་བྱས་ཟེར། ལོ་རྒྱུས་གཞན་མི་གསལ། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཅོམ་པ་ནས་ད་ལྟའི་གནས་ཚུལ་མ་ཤེས།

 

 

 

༨     སྒྲུབ་སྡེ་དགའ་ལྡན་ཆོས་རྫོང་།

སྒྲུབ་སྡེ་དགའ་ལྡན་ཆོས་རྫོང་ནི་སྤྱི་ལོ་༡༣༨༠ལོར་སྲོག་མཁར་རི་རྩེར་ཡུལ་མིས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

དགོན་འདི་དང་བཀྲ་ཤིས་ཆོས་གླིང་གཉིས་ཀྱི་དགོན་བདག་སུམ་པས་བྱེད་ཟེར་ཞིང་། དང་ཐོག་ཡུལ་མི་སྐྱ་སེར་འགས་བྲང་ཁང་བརྩེགས་ཏེ་སུམ་པར་ཕུལ་བ་ལས་ཆགས་རྗེས་སུ་ལུང་མཐིལ་དུ་སྤོས། ཆུ་ཡོས་དུས་འཁྲུག་གིས་གཏོར་བ་བསྐྱར་བཞེངས་བྱས། ལོ་རྒྱུས་གཞན་མི་གསལ། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་

རྒྱས་བཅོམ་པ་ནས་ད་ལྟའི་གནས་ཚུལ་མ་ཤེས།

 

 

༩      རི་ཁྲོད་བཀྲ་ཤིས་ལྷ་རི།

རི་ཁྲོད་བཀྲ་ཤིས་ལྷ་རི་ནི་དགའ་ལྡན་ཆོས་རྫོང་གི་ཉེ་འདབས་སུ་བཏབ་ཡོད།ཆོས་རྒྱུད་དགེ་ལུགས་ཡིན།

རི་ཁྲོད་འདི་བཏབ་ལོ་སོགས་གསལ་བའི་ལོ་རྒྱུས་ཀྱི་ཡིག་ཆ་གང་ཡང་མ་རགསྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཅོམ། ད་ལྟའི་གནས་ཚུལ་མ་ཤེས།

 

 

༡༠      ལོ་དཀར་རི་ཁྲོད། །

ལོ་དཀར་རི་ཁྲོད་ནི་དཔའ་རིས་ཁོངས་སུ་དགེ་བཤེས་ངག་དབང་ཡེ་ཤེས་ནས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདིའི་མིང་དངོས་ལ་བཤད་སྒྲུབ་པད་དཀར་གླིང་ཟེར་ཞིང༌། ཐེག་ཆེན་ཆོས་གླིང་དུ་འབོད་ཚུལ་ཡང་ཡོད་འདྲ། འདེབས་པ་བོ་ནི་གོང་བ་དགེ་བཤེས་ངག་དབང་ཡེ་ཤེས་ཡིན་ལ། དེ་བའི་སྐྱེ་རྒྱུད་ཀྱིས་འཛིན་བདག་གནང་བར་སྣང་།།ལོ་རྒྱུས་གཞན་མ་རྙེད། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཅོམ་པ་ནས་ད་ལྟའི་གནས་ཚུལ་མ་ཤེས།

 

 

༡༡      ཐུང་དགོན་ཆུང་བ། །

ཐུང་དགོན་ཆུང་བ་ནི་དཔའ་རིས་ཁོངས་སུ་སྲན་ཆུང་བློ་བཟང་བཀྲ་ཤིས་ནས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་སྔར་གྱི་ས་སྐྱའི་སྐབས་སུ་བྱུང་བའི་དགོན་སྡེ་ཞིག་ཡིན་པ་འདྲ་སྟེ། ཧ་སུ་མེ་ཞེས་པའི་ས་སྐྱའི་སྐབས་ཀྱི་ལྷ་ཁང་ལ་ཞིག་གསོ་གནང་བར་བཤད་པས་ཤེས་ནུས་སྙམ། འདི་ཉིད་དགོན་ཆེ་བ་ལས་ལོ་བཅུ་གཉིས་ཀྱི་རྗེས་པས་ལྕགས་རྟ་དང༌ལྕགས་ལུག་གང་རུང་ཡིན་འདྲ་ཞེས་མདོ་སྨད་ཆོས་འབྱུང་དུ་གསུངས་པའི་ལོ་ཁམས་ངོ་མ་འཕྲོད། ཐོག་མར་རི་ཁྲོད་འགའ་བསྡད་པ་ལས་བྱུང་བ་ཞིག་ཡིན་འདུག སུམ་པ་དམ་ཆོས་རྒྱ་མཚོས་བཀའ་གནང་བ་བཞིན་བཏབ་ཅིང་། ཏེ་ཐུང་རིན་ཆེན་རྒྱལ་མཚན་གྱིས་གྲོགས་བྱས་ཏེ་འཆད་ཉན་བཙུགས་པར་བཤད། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བརྒྱས་བཅོམ་པ་ནས་ད་ལྟའི་གནས་ཚུལ་མ་ཤེས།

 

 

༡༢     རྒྱ་ལྡོག་དགོན་གོང་མ། །

རྒྱ་ལྡོག་དགོན་གོང་མ་ནི་སྤྱི་ལོ་༡༦༢༠ལོར་དཔའ་རིས་བྱང་རྒྱུད་སྟོད་དུ་སེམས་ཉིད་ཨ་ལགས་ནས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

དགོན་འདི་འདེབས་པ་བོའི་མཚན་ཡོངས་གྲགས་ལ་སེམས་ཉིད་གནས་བརྟན་པ་དང་། སེམས་ཉིད་ཨ་ལགས་ཀྱང་ཟེར། བཻ་སེར་དུ་མ་དགོན་དང་མཐུན་པར་མདོའི་བཤད་གྲྭ་ཚོགས་པ་བརྒྱ་སྐོར་ཟེར། འདིའི་མ་དགོན་ནི་དགོན་ལུང་བྱམས་པ་གླིང་ཡིན། ཆུ་ཡོས་དུས་འཁྲུག་སྐབས་མེར་སྲེག་བཏང་། བསྐྱར་གསོའི་སྐབས་དགོན་གནས་སྤོས། བཀང་ཁྲི་ཁྲི་ལོ་གཉེར་གཅིག་པར་སླར་ཡང་ཆིན་དམག་འཁྲུག་གིས་མེར་བསྲེགས། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཅོམ་པ་ནས་ད་ལྟའི་གནས་ཚུལ་མ་ཤེས།

 

 

 

༡༣     སེམས་ཉིད་དགོན།

སེམས་ཉིད་དགོན་ནི་སྤྱི་ལོ་༡༦༢༣ལོར་དཔའ་རིས་སེམས་ཉིད་སེར་ཅུད་དུ་མཁན་ཆེན་ཚེ་བརྟན་དོན་གྲུབ་ནས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

 

འདིའི་དགོན་མིང་དངོས་ལ་དགའ་ལྡན་དར་རྒྱས་གླིང་ཟེར། རྒྱལ་བ་བསོད་ནམས་རྒྱ་མཚོ་འདི་ཕྱོགས་སུ་བྱོན་སྐབས་བཀའ་བཀོད་དང༌། དགོན་མིང་གནང༌། རྗེས་སོར་ཡུལ་དཔོན་ཁག་གིས་དབུས་གཞུང་ས་དགའ་ལྡན་ཕོ་བྲང་ལ་ཞུས་པ་ལྟར་བླ་མ་གནང་སྟེ་བཏབ་ཟེར། མཚན་ཉིད་ཀྱང་རྒྱས། ཆུ་ཡོས་དུས་འཁྲུགས་སྐབས་ཆིན་དམག་གིས་ལན་གཉིས་ལ་རྩ་གཏོར་བཏང༌། སྤྱི་ལོ་༡༩༥༨དང་རིག་གསར་སྐབས་རྒྱས་བཅོམ་པ་ནས་ད་ལྟའི་གནས་ཚུལ་མ་ཤེས།

 

 

༡༤   འབྲུ་གུ་དགོན།

འབྲུ་གུ་དགོན་ནི་སྤྱི་ལོ་༡༦༤༤ལོར་བཙན་པོ་དོན་གྲུབ་རྒྱ་མཚོས་དཔའ་རིས་འབྲུ་གུའི་ཡུལ་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདིའི་དགོན་མིང་དངོས་ལ་དགའ་ལྡན་ཆོས་འཁོར་གླིང་ཟེར། ཆུ་འཇིགས་ཀྱིས་ཉེན་པས་ཐུའུ་བཀྭན་རིན་པོ་ཆེས་སུམ་མདོ་ཟེར་བར་གནས་སྤོས། ཨ་རིག་སློབ་དཔོན་གྱིས་མཚན་ཉིད་བཙུགས། སུམ་པས་འབྲུག་ལོར་བཏབ་ཟེར། ཆུ་ཡོས་དུས་འཁྲུགས་སྐབས་ཆིན་དམག་གིས་བཅོམ། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་

སྐབས་རྒྱས་བཅོམ་པ་ནས་ད་ལྟའི་གནས་ཚུལ་མ་ཤེས། །

 

 

 

༡༥     མཆོད་རྟེན་ཐང་བཀྲ་ཤིས་དར་རྒྱས་གླིང་།

མཆོད་རྟེན་ཐང་བཀྲ་ཤིས་དར་རྒྱས་གླིང་ནི་སྤྱི་ལོ་༡༦༤༧ལོར་སྟོང་སྐོར་མདོ་རྒྱུད་རྒྱ་མཚོས་དཔའ་རིས་མཆོད་རྟེན་ཐང་དུ་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

དགོན་གནས་འདིར་སྔར་ཀརྨ་རོལ་བའི་རྡོ་རྗེས་ཀླུ་གདུག་པ་ཅན་ཞིག་དམ་བཏགས་མཛད་དེ་མཆོད་རྟེན་བརྒྱ་དང་བརྒྱད་བཞེངས་པས་མཆོད་རྟེན་ཐང་དུ་ཐོགས་ཟེར། ཡང་ཀླུ་བདུད་དེ་ཉིད་པྲ་སྒོམ་གྱིས་འཇུ་འདུལ་སྐབས་དམ་བཏགས་བྱས་ཟེར་བའང་སྣང་། དགོན་མིང་རྒྱལ་དབང་ལྔ་བ་ཆེན་ཆེན་མོས་གནང༌། འདན་

མ་གྲུབ་ཆེན་གྱིས་མཚན་ཉིད་བཙུགས། འདི་ཉིད་དཔའ་རིས་ཕྱོགས་སྡེ་གྲགས་པ་ཆེ་ཤོས་ཤིག་ཡིན་ལ། འདི་ནས་བོད་ཀྱི་ཆོས་རིག་ལོ་རྒྱུས་ལ་མཛད་རྗེས་ཆེ་བའི་སྐྱེས་བུ་མང་བོ་བྱོན་པ་ཡིན། མཆོད་གཞིས་སྔོ་ཁོ་དང༌། འཇུག་པ། སྟོབ་ཚང་ཆུ་རྒྱུད་པ། བྱང་ངོས་ཇག་རུང་བ་སོགས་མང་བར་བཤད། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཅོམ། ད་ལྟ་ཡུལ་མིས་དང་བླང་བསྐྱར་བཞེངས་བྱས་དང་བྱེད་བཞིན་པ་ཡིན།

 

 

༡༦     སེར་ཆུད་དགོན།

སེར་རྩུད་དགོན་ནི་གསེར་རྩུད་ཆུང་ལུང་དུ་ཞུ་རབ་འབྱམས་པ་བློ་གྲོས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

དགོན་འདི་ལ་རྒྱ་ཞུ་དགོན་དགའ་ལྡན་དར་རྒྱས་གླིང་ཡང་ཟེར། ལི་ཀྱ་བླ་མ་ཤེས་རབ་ཉི་མས་བཏབ་ཀྱང་ཟེར། སྔར་སེམས་ཉིད་དགོན་ཀྱང་འདི་དང་ཉེ་བར་ཡོད་པས་རྣམ་ཐར་འགའ་ཞིག་ཏུ་སེར་རྩོད་དགོན་དགའ་ལྡན་རབ་རྒྱས་གླིང་ཞེས་འབྱུང་བ་འདི་གཉིས་གང་རུང་ཡིན་ངོ་མ་འཕྲོད་ཅེས་མདོ་སྨད་ཆོས་འབྱུང་དུ་གསུངས། འདི་ལ་ཆུང་ལུང་དགོན་ཡང་ཟེར། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཅོམ་པ་ནས་ད་ལྟའི་གནས་ཚུལ་མ་ཤེས།

༡༧    དམར་གཞི་རི་ཁྲོད།

དམར་གཞི་རི་ཁྲོད་ནི་དཔའ་རིས་ཁོངས་སུ་ཤེས་རབ་རྡོ་རྗེས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

 

འདིའི་དགོན་མིང་དངོས་ལ་དགའ་ལྡན་བྱམས་པ་གླིང་ཟེར། འདེབས་པོའི་མཚན་དངོས་ལ་བློ་བཟང་བསྟན་པ་ཆོས་ཀྱི་ཉི་མ་ཟེར། སུམ་པའི་ཆོས་འབྱུང་དུ་དགོན་མིང་ལ་དགའ་ལྡན་ཆོས་སྡིངས་ཞེས་འབྱུང༌། ཆུ་ཡོས་དུས་འཁྲུག་སྐབས་དགོན་པ་མེར་བསྲེགས། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཅོམ་པ་ནས་ད་ལྟའི་གནས་ཚུལ་མ་ཤེས།

 

 

 

༡༨     དགོན་གསར་ཐོས་བསམ་དར་རྒྱས་གླིང་།

དགོན་གསར་ཐོས་བསམ་དར་རྒྱས་གླིང་ནི་སྤྱི་ལོ་༡༧༢༧ལོར་དཔའ་རིས་ཇག་རུང་བྲག་འགག་དུ་ཀུན་གྲོལ་གོང་མས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

 

འདིའི་དགོན་མིང་གཞན་གོ་ཆས་དགའ་ལྡན་ལེགས་ཚོགས་གླིང་དང་།རྒྱས་ཤི་མིན་ཟི་ཡང་ཟེར། འདེབས་པོའི་མཚན་ལ་དྭགས་པོ་བློ་བཟང་རིན་ཆེན་ཆོས་གྲགས་རྒྱ་མཚོར་འབོད། རྒྱལ་དབང་དྲུག་པའི་གསང་བའི་རྣམ་ཐར་ལྟར་ན།དགོན་འདི་འདེབས་པོ་རྒྱལ་དབང་དྲུག་པ་ཡིན་ནམ་སྙམ། འཆད་ཉན་དང་ཆོས་ཐོག་འཆམ་སོགས་རྗེ་ཉིད་ཀྱིས་བཙུགས། རྒྱན་འཇུག་ཚོགས་འདོན་དུ་བཙུགས་ཤིང་ཞལ་འདོན་གཞན་མི་ཆོག་པ་བྱས། འདི་ནས་དགེ་བཤེས་མང་བོ་ཐོན་ཞིང་། དགོན་སྡེ་གཞན་གྱི་མཁན་ཁྲིར་ཕེབས་པའང་མང་བར་བཤད། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཅོམ་པ་ནས་ད་ལྟའི་གནས་ཚུལ་མ་ཤེས།

 

 

 

༡༩    ཏའི་ཏུང་དགོན་ཆེན། །

ཏའི་ཏུང་དགོན་ཆེན་ནི་༡༦༡༩ལོར་དཔའ་རིས་ཏའི་ཏུང་དུ་ལུ་ཀྱ་བླ་མ་ཤེས་རབ་ཉི་མས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདིའི་དགོན་མིང་ལ་ཐོས་བསམ་དར་རྒྱས་གླིང་ཟེར། ཐོག་མའི་ཆོས་རྒྱུད་ས་ལུགས་དང༌། ཀར་ལུགས་ལྟ་བུ་ཡིན་འདུག མདོ་སྨད་ཆོས་འབྱུང་དུ་ལུ་ཀྱ་བླ་མ་ཤེས་རབ་ཉི་མས་ས་ལུག་ལ་བཏབ་ཟེར་སྣང་གསུངས། སྔར་ས་སྐྱ་དང༌། ཀརྨའི་བླ་གྲྭ་མང་བོ་འདིར་བྱོན། དེ་དག་གིས་གནང་བའི་རྟེན་གསུམ་མང་། སྟག་ལུང་བློ་བཟང་ཉི་མས་ཀྱང་ཁྲིར་མཛད། ལུ་ཀྱ་ཞབས་དྲུང་དང༌། དེའི་སྐུ་མཆེད་དཔོན་པོ་སོགས་ཀྱིས་ཀུན་གྲོལ་གོང་མ་གདན་དྲངས། དགོན་པར་བཅའ་ཡིག་བཞག ཀུན་མཁྱེན་འཇིགས་མེད་དབང་བོ་བྱོན་ཏེ་ཆོས་བཀའ་མང་དུ་གསུངས། གྲྭ་གྲངས་བརྒྱ་ལྷག་བསྙེན་རྫོགས་ལ་བཀོད། ཕྱིས་ཀྱང་མདོ་སྔགས་ཀྱི་འཆད་ཉན་བཟང་བོ་ཡོད་

པ་འདྲ། སྤྱི་ལོ་༡༧༢༣ ལོར་ཆིང་དམག་གིས་མེར་སྲེག་བཏང་བ། དགོན་གནས་དཔའ་རིས་མཁར་རྙིང་ཞེས་པར་སྤོས་པས་ཕྱིས་མཁར་རྙིང་དགོན་དུའང་འབོད་པ་འདྲ། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཅོམ་པ་ནས་ད་ལྟའི་གནས་ཚུལ་མ་ཤེས།

 

 

 

༢༠      ཏེ་ཏུང་བྲག་དགོན།

ཏེ་ཏུང་བྲག་དགོན་ནི་དཔའ་རིས་ཏའི་ཏུང་དུ་ས་སྐྱ་པཎ་ཊི་ཏས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

 

འདི་ཐོག་མར་ས་ལུགས་ཡིན་ཀྱང༌། ཕྱིས་དགེ་ལུགས་ཀྱི་བླ་གྲྭ་དག་གིས་བཟུང་། གནས་འདིར་རྒྱ་བོད་གཉིས་ཀྱི་རྟེན་བྱིན་ཅན་དང་ལྷ་ཁང་སྒྲུབ་ཕུག་བྱིན་ཅན་མང་ཞིང༌། སྔར་ས་པཎ་ཡབ་སྲས་སྐབས་ས་སྐྱའི་སྒྲུབ་སྡེ་མཆོག་དགའ་གླིང་།རྒྱ་ནག་མིང་གི་སྐབས་ཙམ་ལ་ས་སྐྱ་ཆོས་ཀྱི་རྒྱལ་མཚན་དང་། དགེ་ལུགས་བླ་མ་ཀླུ་

འབུམ་པ་བསམ་གཏན་སེངྒེ་གཉིས་ཀྱིས་རྟེན་དང་བརྟེན་པ་རྒྱ་བསྐྱེད་མཛད། རྗེས་སོར་བསམ་གཏན་གླིང་སེངྒེས་མཁའ་འགྲོའི་ལུང་བསྟན་ལྟར་སྒྲུབ་སྡེ་མཆོག་དགའ་གླིང་གནས་སྤོས་ཏེ་རི་ ད་བཟུང་། མེ་ལུག་ལོར་ཀུན་གྲོལ་ཆེན་མོ་རྗེ་ངག་དབང་ཆོས་གྲགས་རྒྱ་མཚོས་ཆོ་འཕྲུལ་སྨོན་ལམ་གསར་འཛུགས་བྱས་ཤིང་། རྟེན་གྱི་དཀར་ཆག་པད་དཀར་ལྗོན་བཟང་ཟེར་བ་མཁའ་འགྲོའི་ལུང་བསྟན་ལྟར་ལྗགས་རྩོམ་མཛད་སྐད། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཅོམ་པ་ནས་ད་ལྟའི་གནས་ཚུལ་མ་ཤེས།།

 

 

 

༢༡      ཏེ་ཏུང་དགོན་ཆུང་དགའ་ལྡན་དམ་ཆོས་གླིང་།

ཏེ་ཏུང་དགོན་ཆུང་དགའ་ལྡན་དམ་ཆོས་གླིང་ནི་༡༦༣༠ལོར་ཏེ་ཏུད་སེར་ལུང་དུ་དམ་ཆོས་རྒྱལ་མཚན་ནས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

 

དགོན་འདི་ནི་སྲས་ཆུང་བློ་བཟང་བཀྲ་ཤིས། སུམ་པ། དམ་ཆོས་རྒྱལ་མཚན་སོགས་ཀྱིས་གྲོས་བྱས་ཏེ་བཏབ་ཟེར། ཏེ་ཏུང་རིན་ཆེན་རྒྱལ་མཚན་གྱིས་གྲོགས་བྱས་ཏེ་འཆད་ཉན་བཙུན་ཞིང་། སུམ་པ་ཡེ་ཤེས་དཔལ་འབྱོར་ཁྲིར་བཞུགས་ཏེ་ས་སྐྱའི་དུས་བཞེངས་པའི་ཧཱ་སུ་མེ་ཞེས་པའི་ལྷ་ཁང་ཞིག་གསོས་མཛད།

 

 

༢༢     ལཱུ་ཀྱ་ཤེས་རབ་ཉི་མའི་སྒྲུབ་ཁང་།

ལཱུ་ཀྱ་ཤེས་རབ་ཉི་མའི་སྒྲུབ་ཁང་ནི་སྤྱི་ལོ་༡༦༣༠ལོར་ཏེ་ཏུང་མཁར་གྱི་ཉེ་འདབས་སུ་ཤེས་རབ་ཉི་མས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདིར་ལུ་ཀྱ་ཤེས་རབ་ཉི་མས་སྒོམ་སྒྲུབ་མཛད་ཅིང་། འཇིགས་བྱེད་བྱིན་ལྡན་ལོ་རྒྱུས་ཅན། མཆོད་རྟེན་བརྒྱ་རྩ་བརྒྱད་དུ་གྲགས་པའི་མཆོད་རྟེན་ལྷ་ཁང་སོགས་རྟེན་དང་བརྟེན་པ་མང་ཙམ་ཡོད་པར་སྣང་། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཅོམ་པ་ནས་ད་ལྟའི་གནས་ཚུལ་མ་ཤེས། །

 

 

༢༣      རྡོ་རྗེ་འཆང་གི་ལྷ་ཁང་།

རྡོ་རྗེ་འཆང་གི་ལྷ་ཁང་ནི་སྤྱི་ལོ་༡༦༣༠་ལོར་ཏེ་ཏུང་མཁར་ནང་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

 

འདི་ལ་གྲུབ་ཆེན་ཏེ་ལོ་བར་རྒྱལ་བ་རྡོ་རྗེ་འཆང་གིས་རྫུ་འཕྲུལ་གྱིས་གནང་བའི་རྡོ་རྗེ་འཆང་གི་སྐུ་བརྙན་ཤིན་ཏུ་རྩ་ཆེན་དེ་ཉིད། ཕྱིས་ན་རོ་བ་ལ་གནང་། མར་བས་ན་རོ་བའི་རུས་རྒྱན་དང་སྐུ་གདུང་སོགས་ལྷན་དུ་ལྷོ་གྲོ་བོ་ལུང་དུ་གདན་དྲངས།དེ་ཉིད་ཕན་ཡུལ་ན་ལེན་དྲའི་ཆོས་རྗེ་བཅོ་བརྒྱད་པར་ཐོབ། དེའི་ལག་ནས་ཧོར་

ཆ་ཧར་རྒྱལ་བོའི་ལག་ཏུ་ཚུད། ན་རོ་བའི་སྐུ་གདུང་དང་ལྷན་དུ་སོག་ཡུལ་དུ་ཁྱེར།ཕྱིས་མ་ཐུབ་ནས་ས་འོག་ཏུ་སྦས་པ་སོགས་བྱས། དེ་ནས་འདི་ཕྱོགས་སུ་སླེབས་ཏེ་བཞུགས་ཡུལ་ལྷ་ཁང་ཆུང་བ་ཞིག་བསྐྲུན། མི་རབས་དུ་མའི་རྗེས་སུ་བླ་མ་ལྷོ་སྡིངས་པ་བྱ་བས་ལྷ་ཁང་རྒྱ་བསྐྱེད་དང་། སྔར་གྱི་སྐུ་བརྙན་རྩ་ཆེན་དེ་གཟུངས་བཞུགས་

སུ་བྱས་ནས་རྡོ་རྗེ་འཆང་གི་སྐུ་བརྙན་ཆེན་པོ་འདི་བསྐྲུན་པར་བཤད། ད་དུང་འདིར་དངུལ་བྲིས་ཀྱི་བཀའ་འགྱུར་དང༌། བསྟན་འགྱུར་གསེར་བྲིས་མ་སོགས་རྟེན་རྫས་འགངས་ཆེན་མང་བོ་བཞུགས་འདུག སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཅོམ་པ་ནས་ད་ལྟའི་གནས་ཚུལ་མ་ཤེས།།

 

 

༢༤    ཐུར་ཆེན་དགོན།

ཐུར་ཆེན་དགོན་ནི་སྤྱི་ལོ་༡༧༠༣ཡས་མས་ཤིག་ལ་དཔའ་རིས་ཇག་རུང་དུ་རྟ་ནག་སྤྲུལ་སྐུས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདིའི་དགོན་མིང་དངོས་ལ་དགའ་ལྡན་བྱམས་པ་གླིང་ཟེར།འདེབས་པོའི་མཚན་ལ་བློ་བཟང་བསྟན་པ་ཆོས་ཀྱི་ཉི་མ་ཟེར།སུམ་པའི་ཆོས་འབྱུང་དུ་དགོན་མིང་ལ་དགའ་ལྡན་ཆོས་སྡིངས་ཞེས་འབྱུང་།ཆུ་ཡོས་དུས་འཁྲུག་སྐབས་དགོན་པར་མེར་བསྲེགས།སྤྱི་ལོ་༡༩༥༨ལོ་དང་རིག་གསར་སྐབས་རྒྱས་བཅོམ་པ་ནས་ད་ལྟའི་གནས་ཚུལ་མ་ཤེས།

 

 

 

༢༥    པྲ་སྟི་རབ་རྒྱས་དགོན། ༧

པྲ་སྟི་རབ་རྒྱས་དགོན་ནི་རབ་བྱུང་བདུན་པའི་ནང་དཔའ་རིས་པྲ་སྟི་རུ་པྲ་སྟི་ནད་སོ་དཔལ་བཟང་ནས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

 

འདི་པྲ་སྒོམ་ཆོས་ཀྱི་རྡོ་རྗེ་ལ་པྲ་སྡེ་སྒར་བ་བཅུ་གསུམ་ཡོད་པའི་ནང་ཚན་གཅིག་ཡིན། སྔར་གསང་སྔགས་རྙིང་མ་བ་ཡིན་ཀྱང༌། ཕྱིས་དགེ་ལུགས་སུ་གྱུར།ཕ་སྡེ་ཚོ་བའི་བླ་དཔོན་ཟུང་འབྲེལ་གྱིས་བསྐྱངས། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཅོམ་པ་ནས་ད་ལྟའི་གནས་ཚུལ་མ་ཤེས།

 

 

 

༢༦་   ཟུང་ཤན་སྟག་ལུང་དགོན།

ཟུང་ཤན་སྟག་ལུང་དགོན་ནི་ཕག་གྲུའི་སྐབས་སུ་དཔའ་རིས་ཟུད་ཤན་དུ་རྟ་ནག་སྤྲུལ་སྐུས་བཏབ།

 

འདིའི་དགོན་མིང་དངོས་ལ་དགའ་ལྡན་དམ་ཆོས་གླིང་ཟེར། འདི་འདེབས་པ་བོའི་མཚན་གཞན་ལ་ཀུ་ཤྲི་བློ་བཟང་བསྟན་པ་ཆོས་ཀྱི་ཉི་མ་ཟེར་ཞིང༌། ཆིན་ཐོང་ཀྲིའི་སྐབས་ཀ་ཆུའི་(ཧྲི་ཀྲི)ཁ་ཆེ་དམག་གིས་དགོན་པ་མེར་བསྲེགས་དང་བཅོམ་གཏོར་བྱས། གྲྭ་བ་རྣམས་ཟུང་ཤན་དུ་ཡོང་ནས་ཡུལ་བྱོལ་དུ་བསྡད། སྤྱི་ལོ་༡༩༢༨ལོར་སླར་གྲྭ་བ་རྣམས་འཚོགས་ཏེ་དགོན་པ་སླར་གསོ་བྱས། སྤྱི་ལོ་༡༩༥༨ ལོ་དང༌རིག་གསར་སྐབས་རྒྱས་བཅོམ་པ་ནས་ད་ལྟའི་གནས་ཚུལ་མ་ཤེས།

 

 

༢༧     འབྲི་གུང་དགོན།

འབྲི་གུང་དགོན་ནི་སྤྱི་ལོ་༡༧༢༧ལོར་ཇག་རུད་སྨད་དུ་བཟང་བོ་རིན་ཆེན་ནས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་དགོན་མིང་ལ་དགའ་ལྡན་ལེགས་བཤད་གླིང་ཟེར། འབྲི་གུང་འབུལ་སྡུད་པ་ཞིག་དགོན་ལུང་ནུབ་ངོས་རོང་བོ་ཟེར་བའི་སར་གཞིས་ཆགས་པ་ནང་སོ་བཟང་བོ་རྒྱལ་མཚན་གྱི་གཞིས་ཀ་རྒྱ་དམག་གི་བཅོམ་སྐབས། གཞིས་སྲུང་བཟང་བོ་རིན་ཆེན་བྲོས་ནས་ཇག་སྨད་དུ་ཡོང་སྟེ་བཏབ། སྤྱི་ལོ་༡༨༦༦ དང་༡༨༩༢ བཅས་ལ་ཆིན་དམག་གིས་ལན་གཉིས་གཏོར་བཅོམ་བཏང་། བསྐྱར་དུ་གསོས་པ་སྤྱི་ལོ་༡༩༥༨ལོར་རྒྱ་དམར་གྱིས་བསྣུབས། ད་ལྟའི་གནས་སྟངས་མ་ཤེས།།

 

 

 

༢༨     ཏཱ་བན་དགོན་ཆོས་འཁོར་དར་རྒྱས་གླིང་།

ཏཱ་བན་དགོན་ཆོས་འཁོར་དར་རྒྱས་གླིང་ནི་སུང་གི་དུས་མགོ་དཔའ་རིས་ཁོངས་སུ་དཔལ་འབྱོར་རྒྱ་མཚོས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

གནས་འདིར་སྤྱི་ལོ་༡༢༤༤ ལོར་ས་པཎ་ཀུན་དགའ་རྒྱལ་མཚན་བཞུགས་མྱོང་ཞིང་། དེ་སྐབས་ཁོང་གིས་བཀའ་བརྒྱུད་ཀྱི་དགོན་ཆུང་འདི་ས་ལུགས་སུ་བསྒྱུར།སྤྱི་ལོ་༡༢༦༠ ལོར་ཀརྨ་རོལ་བའི་རྡོ་རྗེས་སླར་བཀའ་བརྒྱུད་དུ་བསྒྱུར། མདོ་སྨད་ཆོས་འབྱུང་དུ་ཨ་ལོད་རབ་འབྱམས་པས་བཏབ་པར་བཤད་པ་དེ། ཕྱིས་ཨ་ལོད་རབ་འབྱམས་པས་དགེ་ལུགས་སུ་བསྒྱུར་ནས་རྒྱ་བསྐྱེད་བཏང་བར་གོ་དགོས་པ་ལས།

ཐོག་མའི་འདེབས་མཁན་སུ་ཡིན་ཤེས་མི་ཐུབ། སྤྱི་ལོ་༡༧༢༣ ལོར་ཆིན་དམག་གིས་གཏོར་། བསྐྱར་དུ་གསོས་པ་སྤྱི་ལོ་༡༩༥༨ ལོར་རྒྱ་དམར་གྱིས་བསྣུབས།

 

 

༢༩     འབྲུག་སུག་བཀྲ་ཤིས་ཆོས་གླིང་།

འབྲུག་སུག་བཀྲ་ཤིས་ཆོས་གླིང་ནི་སྤྱི་ལོ་༡༧༢༧ལོར་དཔའ་རིས་འབྲུག་སུག་དུ་བསྟན་འཛིན་བཟང་བོས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

 

འདིའི་འདེབས་པོའི་མཚན་གཞན་ལ་ཨོར་སོ་བཀའ་བཅུ་བ་ཟེར། དགོན་པའི་ལོ་རྒྱུས་གཞན་གང་ཡང་མ་རྙེད།

 

 

༣༠     སྒྲུབ་སྡེ་རི་བོ་དགེ་འཕེལ།

སྒྲུབ་སྡེ་རི་བོ་དགེ་འཕེལ་ནི་ས་ལུག་ནང་བཀྲ་ཤིས་ལུང་བ་རུ་པྲ་སྟི་བསྟན་པ་འོད་ཟེར་ནས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

 

འདི་འདེབས་པོ་པྲ་སྟི་ཞབས་དྲུང་བསྟན་པ་འོད་ཟེར་བྱ་བའི་ལོ་རྒྱུས་གང་ཡང་མ་རག་སྟབས། ཁོང་གིས་དགོན་སྡེ་འདེབས་དུས་ཀྱི་ས་ལུག་ཅེས་པ་རབ་བྱུང་གང་གི་ས་ལུགས་ཡིན་མིན་གཞལ་བསྡུར་བྱེད་སའི་གཞི་མ་རྙེད། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཅོམ་པ་ནས་ད་ལྟའི་གནས་ཚུལ་མ་ཤེས།།

 

 

༣༡     རྒྱ་ཡག་དགོན།

རྒྱ་ཡག་དགོན་ནི་དཔའ་རིས་རྒྱ་ཡག་དུ་གྲགས་པ་རྒྱ་མཚོས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

 

འདིའི་དགོན་མིང་དངོས་ལ་ཆོས་འཁོར་དར་རྒྱས་གླིང་ཟེར། འདི་འདེབས་པ་བོའི་མཚན་ཡོངས་གྲགས་ལ་འགག་ཤིང་རབ་འབྱམས་པ་ཟེར་ཞིང་། ཐུའུ་བཀྭན་རིན་པོ་ཆེ་འདིའི་ཁྲིར་བཞུགས། དགོན་གནས་སྤོས་ཤིང་རྒྱ་བསྐྱེད་མཛད་དེ་འཆད་ཉིད་བཙུགས། བཏབ་ལོ་གསལ་བའི་ཡིག་ཆ་མ་མཐོང་། སྤྱི་ལོ་༡༩༥༨ ལོ་དང་རིག་

གསར་སྐབས་རྒྱས་བཅོམ་པ་ནས་ད་ལྟའི་གནས་ཚུལ་མ་ཤེས།

 

 

༣༢      ཕོ་རོད་པྲ་སྟི་དགོན་བཀྲ་ཤིས་ཆོས་གླིང་།

ཕོ་རོད་པྲ་སྟི་བཀྲ་ཤི་ཆོས་གླིང་ནི་ཕོ་རོད་དཀར་དུ་པྲ་སྟི་ནང་སོ་གྲགས་པ་ལྷུན་གྲུབ་ནས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདིའི་དགོན་མིང་གཞན་ལ་དགའ་ལྡན་ཆོས་འཁོར་གླིང་ཡང་ཟེར། སྟག་ལུང་ཀུ་ཐིས་དར་རྒྱས་མཛད། བཤད་སྒྲུབ་ཀྱི་གྲྭ་བཟང༌། ཐུའུ་བཀྭན་རིན་པོ་ཆེར་ཁྲིར་བཞུགས་ཤིང་། བཟང་རིན་རབ་འབྱམས་པ་ངག་དབང་དར་རྒྱས་སློབ་ཆུང་དུ་བསྐོས་ཞེས་མདོ་སྨད་ཆོས་འབྱུང་དུ་གསུངས། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཅོམ་པ་ནས་ད་ལྟའི་གནས་ཚུལ་མ་ཤེས།

 

 

༣༣    དོར་ཞི་དགོན།

དོེར་ཞི་དགོན་ནི་སྤྱི་ལོ་༡༦༤༦ལོར་དཔའ་རིས་དོར་ཞི་རུ་དམ་ཆོས་རྒྱལ་མཚན་ནས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་རྒྱལ་དབང་ལྔ་བའི་དངོས་སློབ་ངམ་རིང་རབ་འབྱམས་པ་དམ་ཆོས་རྒྱལ་མཚན་པས་བཏབ། ལྔ་བའི་རང་རྣམ་དུ་ཀཱ་ལར། ཧར་གདོང་དོར་ཞི་རབ་འབྱམས་པས་གྲས་ཁུལ་དུ་དགོན་པ་འདེབས་རྩིས་འདུག་པ་ཡི་ད་མ་བཅུ་གཅིག་ཞལ་དང་ཆོས་སྐྱོང་དམག་ཟོར་མ་འགབ་ཚུལ་མོལ་ཞིང༌། མིང་དགའ་ལྡན་ཆོས་གླིང༌བཏགས་གསུངས་པ་འདི་ཨེ་ཡིན་བརྟག་ཅེས་མདོ་སྨད་ཆོས་འབྱུང་དུ་གསལ། ཆུ་ཡོས་དུས་འཁྲུག་སྐབས་ཆིན་དམག་གིས་གཏོར། སྤྱི་ལོ་༡༩༢༧ ལོར་སླར་གསོ་མཛད་ཅེས་མཚོ་སྔོན་དང་ཀན་སུའུ་དགོན་ཁག་ལོ་རྒྱུས་རྒྱ་ཡིག་མར་བཀོད་འདུག     སྤྱི་ལོ༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཅོམ། ད་ལྟ་ཡུལ་མི་རྣམས་ཀྱིས་དང་བླང་

བསྐྱར་བཞེངས་བྱེད་བཞིན་པ་ཡིན།

 

 

༣༤     ནག་ཡངས་ཚོགས་རྫོགས་གླིང་།

ནག་ཡངས་ཚོགས་རྫོགས་གླིང་ནི་དཔའ་རིས་ཁོངས་སུ་ཅད་བླ་མ་ཀུན་དགའ་རྒྱལ་མཚན་ནས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

 

དགོན་འདིའི་མིང་གཞན་ལ་ནག་ཡངས་དགོན་གོང་མའང་ཟེར། བཏབ་ལོ་སོགས་གསལ་བའི་ཡིག་ཆ་གཞན་གང་ཡང་མ་མཐོང༌། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཅོམ་པ་ནས་ད་ལྟའི་གནས་ཚུལ་མ་ཤེས།

 

 

 

༣༥    ནག་ཡངས་བཀྲ་ཤིས་ཆོས་འཁོར།

ནག་ཡངས་བཀྲ་ཤིས་ཆོས་འཁོར་ནི་དཔའ་རིས་ཁོངས་སུ་སྔགས་རམས་པ་ཤེས་རབ་བློ་གྲོས་ནས་བཏབ།

ཆོས་རྒྱུད་དགེ་ལུགས་ཡིན།

འདི་ལ་ནག་ཡངས་དགོན་འོག་མའང་ཟེར། ལོ་རྒྱུས་གཞན་གང་ ང་མི་གསལ། སྤྱི་ལོ་༡༩༥༨ ལོ་དང་རིག་

སྐབས་རྒྱས་བཅོམ་པ་ནས་ད་ལྟའི་གནས་ཚུལ་མ་ཤེས།།

 

 

༣༦     ཞལ་གཟིགས་རི་ཁྲོད།

ཞལ་ཟིག་རི་ཁྲོད་ནི་དཔའ་རིས་ཁོངས་སུ་འདན་མ་ཆོས་རྗེས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

 

འདི་འདན་མ་ཆོས་རྗེ་བྱ་བས་བཏབ་པའི་རི་ཁྲོད་ཅིག་ཡིན་འདུག་ཅིང༌།ནག་ཡངས་དགོན་འོག་མའི་ཉེ་འབྲེལ་དུ་ཡོད། མདོ་སྨད་ཆོས་འབྱུང་དུ་མིང་ཙམ་ལས་མ་བྱུང༌། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཅོམ་པ་ནས་ད་ལྟའི་གནས་ཚུལ་མ་ཤེས།

 

 

༣༧    གྱང་རིང་དགོན་གོང་མ།

གྱང་རིང་དགོན་གོང་མ་ནི་དཔའ་རིས་གྱད་རིང་དུ་རྒྱལ་རྩེ་རབ་འབྱམས་པས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

 

འདིའི་དགོན་མིང་ལ་དགའ་ལྡན་ཕུན་ཚོགས་གླིང་ཟེར། མདོ་སྨད་ཆོས་འབྱུང་དུ་མིང་ཙམ་ལས་མ་བྱུང༌། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཅོམ་པ་ནས་ད་ལྟའི་གནས་ཚུལ་མ་ཤེས།།

 

 

༣༨ གྱད་རིང་དགོན་འོག་མ།

གྱང་རིང་དགོན་འོག་མ་ནི་སྤྱི་ལོ་༡༦༦༦ལོར་དཔའ་རིས་གྱད་རིང་དུ་འགུ་ཆོས་རྗེ་ཆོས་རྒྱ་མཚོས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

 

འདི་ལ་རྒྱལ་དབང་ལྔ་བ་ཆེན་པོས་དགའ་ལྡན་ཆོས་གླིང་ཞེས་པའི་དགོན་མིང་བསྩལ། སེར་བྱེས་པའི་ལེ་ལག་ཏུ་གཏོགས། ཆོས་རྗེ་མཐུ་སྟོབས་རྒྱ་མཚོ་དང༌།རྒྱ་དཔོན་སུན་ཅང་ཇུན་མཆོད་ཡོན་གྱིས་ཐུབ་དབང་དང༌། མར་མེ་མཛད། རྒྱལ་བ་སེང་གེ་ང་རོ་རྣམས་བཞུགས་པའི་ལྷ་ཁང་བདུན་དང༌། མཆོད་རྟེན་གཉིས་སོགས་རྟེན་བཞེངས་མང་ཙམ་ཡོད་འདུག སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཅོམ་པ་ནས་ད་ལྟའི་གནས་ཚུལ་མ་ཤེས།

 

 

༣༩     ཧོར་ཤུག་ཆའི་དགོན།

ཧོར་ཤུག་ཆའི་དགོན་ནི་ཕོ་རོད་ཕྱོགས་སུ་ཧོར་གྲུབ་ཆེན་གྱིས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

 

མདོ་སྨད་ཆོས་འབྱུང་དུ་འདི ར་ཧོར་གྲུབ་ཆེན་ཟེར་བའི་སྐྱེ་རྒྱུད་ཅན་བཞུགས་ཞེས་པ་ཙམ་ལསཞེས་པ་ཙམ་ལས་མ་བྱུང་བས། འདེབས་མཁན་དེ་ཉིད་ཡིན་མིན་བརྟག    སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཅོམ་པ་ནས་ད་ལྟའི་གནས་ཚུལ་མ་ཤེས།

 

༤༠       ལྷོ་བ་དགོན་ཆུང་།

ལྷོ་བ་དགོན་ཆུང་ནི་ཕོ་རོད་ཕྱོགས་སུ་བཏབ་ཡོད།འདེབས་མཁན་དང་བཏབ་ལོ་སོགས་མི་གསལ།ཆོས་རྒྱུད་དགེ་ལུགས་ཡིན།

མདོ་སྨད་ཆོས་འབྱུང་དུ་འདིའི་མིང་ཙམ་ལས་མི་གསལ། འབྲེལ་ཡོད་ལོ་རྒྱུས་ཡིག་ཆ་གང་ཡང་མ་རྙེད།

 

 

༤༡      སྔོ་ཤུར་རི་ཁྲོད།

སྔོ་ཤུར་རི་ཁྲོད་ནི་ཕོ་རོད་ཕྱོགས་སུ་ཡོད།འདེབས་མཁན་དང་བཏབ་ལོ་སོགས་མི་གསལ།ཆོས་རྒྱུད་དགེ་ལུགས་ཡིན།

མདོ་སྨད་ཆོས་འབྱུང་དུ་འདིའི་མིང་ཙམ་ལས་མི་གསལ།འབྲེལ་ཡོད་ལོ་རྒྱུས་ཡིག་ཆ་གང་ཡང་མ་རྙེད།

 

 

༤༢   ཡོད་ཁྲང་ཤིང་ར་དགོན།

ཡོད་ཁྲང་ཤིང་ར་དགོན་ནི་ཕོ་རོད་ཕྱོགས་སུ་ཡོད།འདེབས་མཁན་དང་བཏབ་ལོ་སོགས་མི་གསལ།ཆོས་རྒྱུད་དགེ་ལུགས་ཡིན།

ཐུའུ་བཀྭན་རིན་པོ་ཆེ་འདི་གའི་ཁྲིར་བཞུགས།ཁྱུང་ཚ་ཞབས་དྲུང་སློབ་ཆུང་དུ་བསྐོས།ལོ་རྒྱུས་གཞན་མི་གསལ།

About རྩོམ་སྒྲིག་པ།