༄༅། །བདེ་ཁམས་(ཕེན་ཨན་)རྫོང་ཁོངས་ཀྱི་བོད་ཀྱི་དགོན་སྡེ་ཁག

༡  ཤ་རྫོང་སྒྲུབ་སྡེ།

ཤ་རྫོང་སྒྲུབ་སྡེ་ནི་སྤྱི་ལོ་༡༣༦༣ལོར་ཀརྨ་རོལ་བའི་རྡོ་རྗེ་ནས་ཤ་རྫོང་དུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདིའི་དགོན་མིང་རྒྱ་དབང་ལྔ་བས་གནང་བ་ནི། དགའ་ལྡན་སྐྱེད་ཚལགླིང་ཡིན་ཀྱང་། ཡོངས་གྲགས་ཤ་རྫོང་རི་ཁྲོད་དུ་འབོད། ཀརྨ་རོལ་བའི་རྡོ་རྗེ་དང་།ཆོས་རྗེ་དོན་གྲུབ་རིན་ཆེན། འདུལ་བ་ཆོས་རྗེ་འོད་ཟེར་རྒྱ་མཚོ་རྣམས་ཡུན་རིང་བཞུགས་ཤིང་། ཀརྨ་རོལ་བའི་རྡོ་རྗེས་རྗེ་ཙོང་ཁ་བ་དགུང་ལོ་གསུམ་པར་དགེ་བསྙེན་སྒྲུབ་གནས་ནགས་ཡོན་ཤ་བ་རྫོང་ཞེས་པའང་འདི་ཡིན། རྒྱུ་མཚན་དེ་དག་གི་རྐྱེན་གྱིས་དབེན་གནས་ཧ་ཅང་རྩ་ཆེན་དུ་བརྩི་བ་ཡིན། གྲུབ་ཆེན་གནམ་སྔོན་རབ་འབྱམས་པ་བྱ་བས་ཀརྨ་རོལ་བའི་རྡོ་རྗེའི་སྐུ་གདུང་མཆོད་རྟེན་དང་གཙུག་ལག་ཁང་བཞེངས། ཕྱིས་ཧན་སྟག་ལུང་སྤྲུལ་སྐུས་སྒྲུབ་སྡེ་བཙུགས། དེ་ནས་ཤ་རྫོང་སྒོམ་ཆེན་

དུ་གྲགས་པ་དཔའ་རིས་སྟོང་བཤགས་པ་བཟང་བོ་བཀྲ་ཤིས་གནས་འདིར་ཡུན་རིང་བཞུགས།

དེ་ནས་སྐུ་འབུམ་མཁན་པོ་སྟག་འཚེར་བློ་བཟང་རྡོ་རྗེ་དང་། ཆོས་རྗེ་ངག་དབང་བསྟན་འཛིན། གྲུབ་ཆེན་བློ་བཟང་དར་རྒྱས་སོགས་སྐུ་འབུམ་གྱི་བླ་སྤྲུལ་ཕལ་མོ་ཆེས་རེས་མོས་ལྟ་བུར་བསྐྱངས། ད་དུང་སྔར་འདི་ཁུལ་དུ་དེང་དུས་ངོས་ཟིན་དཀའ་བའི་རི་ཁྲོད་ཆུང་ཚག་དུ་མ་ཡོད་པར་སྣང་ཡང་། རེ་ཞིག་རྒྱུས་མངའ་དང་རྒྱུ་ཆ་གཉིས་ཐད་ནས་མ་ལྕོགས་སོ།།

 

 

༢    ཨན་ཇ་རི་ཁྲོད།

ཨན་ཇ་རི་ཁྲོད་ནི་ཕག་གྲུའི་སྐབས་སུ་ཟུར་དཔོན་པོ་ཞེས་པས་ཙོང་ཁ་བདེ་ཁམས་སུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདིར་ཐོག་མར་ཟུར་དཔོན་པོས་ལྷ་ཁང་བརྩིགས། རྒྱ་སྐད་དུ་ཨན་ཇ་ཟིར་འབོད། དེང་གི་གུང་ཧོ་ཞང་ཟུར་སྡེ་ནང་དུ་ཡོད། རགས་རྩིས་ཀྱིས་ཕག་གྲུ་རྒྱལ་རབས་ཀྱི་སྐབས་ཙམ་ལ་ཁེལ། རབ་བྱུང་བདུན་པའི་ས་ཕག་སྤྱི་ལོ་༡༤༡༩ ལོར་རྗེ་ཙོང་ཁ་བ་མྱ་ངན་ལས་འདས་པས། ཟུར་དཔོན་པོས་དབུས་ནས་རྗེ་རིན་པོ་ཆེའི་ན་བཟའ་དང་ཕྱག་ཆས་ཅི་འབྱོར་མདོ་སྨད་དུ་གདན་དྲངས་ནས། འདིར་གཙུག་ལག་ཁང་བཞེངས་པ་ཞིག་ཡིན་འདུག་སྟབས། གནས་ཤིན་ཏུ་རྩ་ཆེན་དུ་བརྩི་འོས་པ་ཞིག་ཡིན།

མཚོ་སྔོན་ནང་བསྟན་དགོན་སྡེའི་ལོ་རྒྱུས་རྒྱ་ཡིག་མར། འདི་སྤྱི་ལོ་༡༧༨༧ལོར་བཏབ་པར་བཤད་པ་བརྟག་པའི་གནས་ཡིན། སྐུ་འབུམ་དགོན་པའི་དགོན་ལག་ཏུ་གཏོགས། སྟག་འཚེར་སྒར་བས་བདག་སྐྱོང་བྱེད་པ་དང་སྟག་འཚེར་སྐུ་ཕྲེང་གིས་སྐྱོང་ཁུར་མཛད་པ་འདྲ། སྤྱི་ལོ་༡༩༦༢ ལོར་རྒྱ་གཞུང་གིས་བཤིག་སྟེ་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༡ ལོར་ཡུལ་མིས་བསྐྱར་བཞེངས་བྱས།

 

 

༣   ར་རྒན་རི་ཁྲོད།

ར་རྒན་རི་ཁྲོད་ནི་ཀུན་མཁྱེན་རིན་པོ་ཆེའི་ཧྲ་ཀོའུ་ཡུལ་ཚོར་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

མཚོ་སྔོན་ནང་བསྟན་དགོན་སྡེའི་ལོ་རྒྱུས་རྒྱ་ཡིག་མར་འདི་ཉིད་འདེབས་མཁན་ཀུན་མཁྱེན་འཇམ་དབྱངས་བཞད་པ་ཡིན་པར་བཤད་པ་ལས་སྐུ་ཕྲེང་གང་ཡིན་བཤད་མི་འདུག བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་ལག་ཡིན། སྤྱི་ལོ་༡༩༥༨ལོར་རྒྱས་བཤིར་ཁར་འདུ་ཁང་གཅིག་དང་། ནང་ཆེན་གཅིག གྲྭ་ཤག་བཅོ་ལྔ་ཙམ་ཡོད་འདུག་ཀྱང༌། ད་ལྟ་གྲྭ་རྒན་གཅིག་ལས་མེད་པར་བཤད།

 

 

༤   དགོན་པ་ཟི།

དགོན་པ་ཟི་ནི་སྤྱི་ལོ་༡༧༨༧ལོར་ཙོང་ཁ་མཁར་གྱི་ཉེ་འདབས་སུ་སྐུ་འབུམ་ཨན་ཇ་ཞབས་དྲུང་ནས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདི་ཙོང་ཁ་མཁར་གྱི་ཉེ་འདབས་སུ་ཡོད་ཅིང༌། རབ་བྱུང་བཅུ་གསུམ་པའི་མེ་ལུག་སྤྱི་ལོ་༡༧༨༧ ལོར་སྐུ་འབུམ་ཨན་ཇ་ཚང་གིས་བཏབ། སྐུ་འབུམ་གྱི་དགོན་ལག་ཡིན། སྐུ་འབུམ་སྟག་འཚེར་སྐུ་ཕྲེང་རིམ་བྱོན་གྱིས་བསྐྱངས། རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བའི་སྐུའི་གཅེན་པོ་སྟག་འཚེར་སྐུ་ཕྲེང་དྲུག་པ་ཐུབ་བསྟན་འཇིགས་

མེད་ནོར་བུ་ཡང་འདིར་བཞུགས་མྱོང༌། །

སྤྱི་ལོ་༡༩༥༦ ལོར་གྲྭ་གྲངས་༣༩ ཙམ་ཡོད་ཟེར། སྤྱི་ལོ་༡༩༦༢ ལོར་རྒྱ་གཞུང་གིས་གཏོར་བཅོམ་ཐེབས། སྤྱི་ལོ་༡༩༨༡ ལོའི་ཟླ་༤ ཚེས་༦ ཉིན་ཡུལ་མིས་ཞལ་འདེབས་ཕུལ་ཏེ་བསྐྱར་བཞེངས་བྱས།

ད་དུངཉེ་རྒྱུད་ཅི་རིགས་སུ་ཧོར་སྡིངས་རི་ཁྲོད་དང༌། རྒྱ་རྩེ་རི་ཁྲོད། མི་ཉག་རི་ཁྲོད། གཟིམ་ཁང་གོང་མའི་རི་ཁྲོད་གཙོ་རྒྱལ་སོགས་དུ་མ་ཞིག་ཡོད་འདུག་ཀྱང༌། ལོ་རྒྱུས་ཡིག་ཐོག་ཏུ་བཀོད་པ་མི་འདུག་པས་འོལ་ཚོད་མ་ནུས།

About རྩོམ་སྒྲིག་པ།