༄༅། །ཟི་ལིང་སྟོང་སྐོར་(ཧོང་ཡོན)རྫོང་ཁོངས་ཀྱི་དགོན་སྡེ།

༡  ང་སྐོར་དགའ་ལྡན་ཆོས་འཁོར་གླིང་།

ང་སྐོར་དགའ་ལྡན་ཆོས་འཁོར་གླིང་ནི་སྤྱི་ལོ་༡༦༤༨ལོར་སྟོང་འཁོར་འཇམ་དབྱངས་རྒྱ་མཚོས་ཙོང་ཆུའི་འགྲམ་སྟོང་སྐོར་དུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

དགོན་འདི་འདེབས་པ་བོ་སྟོང་སྐོར་སྐུ་ཕྲེང་བཞི་བ་ཡིན་ལ། སྟོང་སྐོར་ཚང་གིས་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་ལ་དགོན་ས་བསླངས་ཏེ། སྤྱི་ལོ་༡༦༤༥ མཚོ་སྔོན་པོའི་ཤར་ལྷོའི་ས་ཁུལ་འདི་དང་། ལས་ཐོབ་བཅས་སྤྲད་ནས་དགོན་པ་བཏབ། སྤྱི་ ལོ་༡༧༢༢ ལོའི་ཆུ་ཡོས་དུས་འཁྲུག་སྐབས་ཆིན་དམག་གིས་གཏོར་བཅོམ་ཚབས་ཆེན་ཕོག ཕྱིས་སྟོང་སྐོར་སྐུ་ཕྲེང་ལྔ་བ་བསོད་ནམས་རྒྱ་མཚོས་བསྐྱར་བཞེངས་མཛད་དེ་སྟོང་སྐོར་དགོན་ཐུབ་བསྟན་བཤད་སྒྲུབ་གླིང་བཏགས། མདོ་སྨད་ཆོས་འབྱུང་དུ། སྟོང་སྐོར་བསོད་ནམས་རྒྱ་མཚོས་རབ་བྱུང་བཅུ་གཉིས་པའི་མེ་འབྲུག་བཏབ་ཟེར་བ་བསྐྱར་བཞེངས་བྱས་པ་ལ་གོ་དགོས། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་

རྒྱས་བཅོམ། སྤྱི་ལོ་༡༩༨༠ ལོའི་རྗེས་སུ་ས་གནས་ཡུལ་མིས་དང་བླང་བཞེངས་བྱེད་མགོ་ཚུགས་པ་ཡིན་ནམ་སྙམ། །

 

༢    དགོན་པ་སོ་མ།

དགོན་པ་སོ་མ་ནི་སྤྱི་ལོ་༡༨༨༡ལོར་བདེ་ཆེན་དགོན་པའི་བླ་མ་བེ་ལུའི་སྟོང་སྐོར་རྫོང་ཁོངས་སུ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདིའི་དགོན་མིང་ཆ་ཚང་ལ་མདའ་བཞིའི་དགོན་གསར་རྣམ་རྒྱལ་གླིང་ཟེར། སྟོང་སྐོར་མཁར་གྱི་ནུབ་རྒྱུད་སྤྱི་ལེ་༢༠ སར་ཡོད། གཅན་ཚ་བདེ་ཆེན་དགོན་པའི་བླ་མ་བེ་ལུ་བས་སྟོང་སྐོར་བ་ཡན་དུ་དགོན་པ་འདི་བཏབ། དེའི་སྐྱེ་རྒྱུད་ཀྱིས་བསྐྱངས་ཤིང་། ལཱ་མོ་བདེ་ཆེན་དགོན་པའི་དགོན་ལག་བྱས། སྤྱི་ལོ་༡༨༥༨ ལོར་རྒྱས་བཅོམ་སྟེ་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༧ ལོའི་ཟླ་༣ ཚེས་༡༠ ཉིན་དེང་གི་སྟོང་སྐོར་རྫོང་མཚོ་སྔོན་པོ་ཞང་ལཱ་མོ་སྒར་ཐོག་ཀུན་ཏུ་བདེ་བའི་གླིང་ཉེ་སར་དགོན་པ་གསར་བཞེངས་བྱས། སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཅོམ། དེང་དུས་ཀྱི་གནས་སྟངས་གསལ་ཁ་ཅན་མ་རྙེད། །

 

༣    དགའ་ལྡན་བསྟན་རྒྱས་གླིང་།

དགའ་ལྡན་བསྟན་རྒྱས་གླིང་ནི་སྤྱི་ལོ༡༧༢༥ཡས་མས་ཤིག་ལ་སྟོང་སྐོར་མཁར་ནང་རི་ཁྲོད་པ་འགའི་ཕྱག་བཏབ།འདི་ལ་རྒྱ་རྣམས་ཀྱིས་ཅིང་ཧོ་ཟི་ཟེར་སྣང་ཞིང་།མཚོ་སྔོན་དུས་འཁྲུག་རྗེས་གྲོང་ཆོག་པ་འགའ་ལྷན་འདུས་ཀྱིས་དགོན་པ་བརྒྱབ་ཅིང་ཕྱིས་སྟོང་འཁོར་སྤྲུལ་སྐུ་འཇམ་དབྱངས་བསྟན་འཛིན་རྒྱ་མཚོར་ཕུལ།སྤྱི་ལོ་༡༩༥༨ལོ་དང་རིག་གསར་སྐབས་རྒྱས་བཅོམ།དེང་དུས་ཀྱི་གནས་སྟངས་གསལ་ཁ་ཅན་མ་རྙེད།

About རྩོམ་སྒྲིག་པ།