གཙང་གི་དུར་ཁྲོད།
གཙང་གི་དུར་ཁྲོད་ནི་གཙང་དགོན་པའི་གཡོན་ཕྱོགས་ཀྱི་ཚེ་དཔག་མེད་བླ་རི་དང་འཇམ་དབྱངས་ནག་པོའི་བླ་རི་གཉིས་འབྲེལ་མཚམས་ཀྱི་ཁ་གཞོང་དུ་ཡོད། སྔོན་དགོན་པའི་ཤར་ཕྱོགས་ཀྱི་དོམ་ཤུར་ཟེར་བའི་གནས་དེ་ནས་དོམ་ནག་ཅིག་གིས་མིའི་ལག་གུས་ཤིག་ཁུར་འོངས་ཏེ་གནས་དེ་ནས་ཟོས་པས། ལྷ་བདེ་མཆོག་གིས་དུས་གནས་ཡིན་པ་མཁའ་འགྲོ་མས་བརྡ་བསྟན་པར་གོ་ནས་དུར་མཆོད་བྱེད་སའི་གནས་ཁྱད་པར་ཅན་ཞིག་ཏུ་གྱུར་ཅིང་མིང་ལའང་དོམ་སྒང་དུ་ཐོགས། དུར་ཁྲོད་འདིའི་རི་མགོ་སྒྱེད་པུ་སུམ་བཙུགས་ཀྱི་དབྱིབས་ཅན་དེའི་དབུས་སུ་ཐོད་སྣོད་ལྟ་བུའི་ཁུག་གཞོང་དེར་བེམ་པོ་ཐང་དཀར་རྒོད་ལ་གཟན་དུ་སྦྱིན་ན་མཁའ་སྤྱོད་མར་ཚོགས་མཆོད་དུ་ཕུལ་བ་ཡིན་པས་ངན་འགྲོའི་སྡུག་བསྔལ་མི་འབྱུང་བར་བཤད། དུར་ཁྲོད་ལ་གནས་གོང་འོག་བར་གསུམ་ཡོད་དེ། གནས་གོང་མ་ནི་བླ་མ་དང་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་གདུང་སྦྱིན་སྲེག་བྱེད་ས་དང་། གནས་བར་མ་ནི་དགེ་སློང་དང་རབ་བྱུང་བའི་སྐུ་གདུང་དུར་མཆོད་བྱེད་ས། གནས་འོག་མ་ནི་འཇིག་རྟེན་ཁྱིམ་པ་ཕོ་མོ་དུར་མཆོག་བྱེད་ས་ཡིན། དེར་གཙང་དགོན་པ་དང་གཙང་གཡུ་རྔོག གཙང་ཨ་རིག གཙང་ལྷ་སྡེ། མགར་རྩེ་བཅས་ཀྱིས་དུར་མཆོད་བྱེད། གནས་འདིའི་རི་རྒྱབ་ཏུ་ཆུ་མིག་ཅིག་ཡོད་པ་དེ་ནི་རྣམ་འཇོམས་གྲིབ་ཆུ་ཡིན། དེར་ནད་སྣ་མང་པོ་སེལ་ཐུབ་པའི་ཡོན་ཏན་དང་ལྡན་ཞིང་། ཁྱད་པར་དུ་ཡུལ་འདིའི་སྲོལ་རྒྱུན་ལྟར་ཕུང་པོ་ཐང་དཀར་རྒོད་ལ་གཟན་སྦྱིན་བྱས་རྗེས་དུར་ལས་པས་ཁྲུས་སེལ་བྱས་ན་གྲིབ་ཀུན་ཞི་ཞིང་དག་པར་འགྱུར། དུར་གནས་ཀྱི་ས་བཀྲ་ལེགས་ཤིང་ཁྱད་པར་གནས་མཆོག་འདི་ཉིད་དཔལ་འཁོར་ལོ་བདེ་མཆོག་གི་དུར་ཁྲོད་ཀྱི་གནས་ཐིག་འབབ་ཡུལ་ཁེལ་ཡོད་པར་དམ་པ་དུ་མས་བཞེད་པའི་གནད་ཀྱིས་རྟེན་འབྲེལ་འཕྲུལ་བསྒྱུར་གྱི་ནུས་པར་གཞིགས་ནས་ཡུལ་འདིའི་དུར་གནས་ཁྱད་པར་ཅན་དུ་བརྩི་བ་ཡིན།
རྭ་རྒྱའི་དུར་ཁྲོད།
ཐུན་ཏེ་རྫོང་ནས་ལྷོ་ཕྱོགས་སུ་སྤྱི་ལེ་བརྒྱ་དང་བཞི་བཅུ་ལྷག་གི་སར་རྭ་རྒྱ་དགོན་དགའ་ལྡན་བཀྲ་ཤིས་འབྱུང་གནས་གླིང་གི་གཡས་ཕྱོགས་ཡ་ཕུག་དྲུག་ཐང་བྲག་སེང་གེའི་གདན། བདེ་ཞིང་འཇམ་པའི་ས་དཀར་གྱི་མགྲོན་ལམ་སྟག་གི་གདན་ཏེ། གདན་ཁྲི་སུམ་བརྩེགས་ཀྱིས་བཏེགས་པའི་ཁྲི་སྟེང་དུ་དཔལ་བདེ་མཆོག་ནོར་བུའི་ཕོ་བྲང་དུ་གྲགས་པའི་ས་དབྱིབས་ཐོད་ཕོར་དང་འདྲ་བ་དེར། སྔོན་དགེ་བཤེས་ཆེན་མོས་དགོན་ས་འཚོལ་ཕྱིར་གནས་འདིར་ཕེབས་པ་ལ། རྒན་མོ་བཞིན་མི་སྡུག་པ་ཞིག་གིས་གྲོད་ཞོ་གསོལ་ཚིགས་སུ་དྲངས་པ་འཛེམ་མེད་དུ་བཞེས་ནས་ཕ་གའི་བྲག་རི་བརྗིད་པོ་དེའི་མིང་ལ་ཅི་ཟེར་ཞེས་དྲིས་པས། རྒན་མོ་དེ་གློ་བུར་དུ་ཁྲོས་ཏེ་ཅི་བྱེད་རྒྱུ་ཡིན། ཁྱུང་དགོན་རི་རེད་ཅེས་ཁྲོ་བའི་མེ་ལྕེ་འབར་བཞིན་ལབ། རྒན་མོ་དེ་ཁྲོ་གཉེར་ཅན་མའི་སྤྲུལ་པ་ཡིན་པས་དགོན་ས་དང་དུར་ཁྲོད་དུས་གཅིག་ཏུ་ལུང་བསྟན་པར་གྲགས། ཕྱིས་སུ་རྭ་རྒྱ་དགོན་གྱི་དུར་ཁྲོད་ལ་ཞོ་འཁྱིལ་དུ་གྲགས་ཤིང་། པཎ་ཆེན་སྣང་བ་མཐའ་ཡས་དང་། ཨ་རིག་དགེ་བཤེས་ཆེན་མོ། ཤིང་བཟའ་སྐུ་ཕྲེང་རིམ་བྱོན། རྗེ་གསེར་ཁང་པ་སྐུ་མཆེད། ཤར་སྐལ་ལྡན་རྒྱ་མཚོ། ཀིརྟི་བློ་བཟང་འཕྲིན་ལས། ཞབས་དཀར་ཚོགས་དྲུག་རང་གྲོལ། ཨ་ཀ་གྲུབ་ཆེན་སྐུ་ཕྲེང་རིམ་བྱོན། རྒྱལ་བ་ཕྱག་བཞི་པ་སྐུ་ཕྲེང་རིམ་བྱོན། རྒྱ་ལི་སྐུ་ཕྲེང་རིམ་བྱོན། གཞི་ཆེན་སྐུ་ཕྲེང་རིམ་བྱོན། ཨ་ཀྱཱ་སྐུ་ཕྲེང་རིམ་བྱོན། སྙིགས་དུས་ཀྱི་འགྲོ་བའི་མགོན་པོ་སྐྱབས་རྗེ་ལ་མོའི་ཡོངས་འཛིན་རིན་པོ་ཆེ་བློ་བཟང་མཁས་གྲུབ་རྒྱ་མཚོ་སོགས་ཀྱིས་བྱིན་གྱིས་བརླབས། གནས་འདིར་དུར་མཆོད་བྱས་ན་མཁའ་འགྲོ་འབུམ་ཕྲག་ལ་རང་ལུས་ཤ་ཁྲག་གིས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བ་དང་གཉིས་སུ་མེད་སྟབས། ཚེ་འདས་ལ་དགེ་ཆོས་མ་བསྒྲུབས་ཀྱང་ངན་འགྲོའི་སྡུག་བསྔལ་མི་འབྱུང་བར་གསུངས། དེང་གི་དུས་འདིར་ཡང་། མགར་རྩེ་ཚོ་བ་བཅོ་བརྒྱད་དང་། མགོ་ལོག་ཨ་སྐྱོང་ཁག་གསུམ། དགོན་གོང་འོག་བར་གསུམ། ཤ་སྦྲང་ཆོ་དྲུག མང་འབའ་བྱ་གསུམ་ཙམ་དུ་མ་ཟད། མཚོ་གཡས་རུ་གཡོན་རུ་དང་། མཚོ་ཤར་རྫོང་བརྒྱད་སོགས་ནས་དུར་ཁྲོད་འདིར་རླངས་འཁོར་གྱིས་ཉིན་ལམ་དུ་དུར་མཆོད་ལ་ཡོང་མཁན་གྲངས་ལས་འདས་སོ། །
དཀར་མོ་དགོན་གྱི་དུར་ཁྲོད་མཁའ་འགྲོའི་བྲོ་རྭ།
དུར་ཁྲོད་འདི་ནི་དཀར་པོ་ཕུག་དགོན་པའི་ཤར་ཕྱོགས་ཀྱི་ཐེམ་ཐོག་ཅིག་ཏུ་ཡོད་ལ། དགོན་པ་དང་བར་ཐག་ཧ་ཅང་ཉེ། འདི་ནི་སྐུ་ཕྱོགས་ཨོའུ་རྒྱ་རྡོ་རྗེ་འཆང་ཚང་དང་རྗེ་བཙུན་ཆེན་པོ་བློ་བཟང་འོད་ཟེར་ཚང་སོགས་ཀྱིས་རྗེ་བཙུན་མའི་བསྙེན་ཆེན་དང་དུར་བདག་གི་ལས་བཞི་མཛད་ཅིང་བཅུ་ཆའི་སྦྱིན་སྲེག་བླུག་པའི་གནས་ཡིན་ལ། མཁའ་འགྲོ་མའི་ཕྱག་གི་ཐོད་པའི་ནང་ཡིན་གསུངས། ལྕང་སྐྱ་རིན་པོ་ཆེ་ཚང་གི་དགེ་རྒན་དཔལ་རྟ་མཆོག་རོལ་བའི་རྣལ་འབྱོར་པ་འཇམ་དབྱངས་འོད་ཟེར་བའི་ཞལ་ཆེམས་བཞིན་ཁོང་གི་སྐུ་གདུང་སྔར་རྡོ་རྟེན་བཞག་ཡོད་པའི་ཤུལ་དེར་བཞག བཞག་མ་ཐག་འཇའ་འོད་ཤིན་ཏུ་གསལ་བ། ནུབ་ཕྱོགས་སུ་དྲང་ཐད་ཀྱིས་མཁའ་ལ་ཟུག་པ་ཀུན་གྱིས་དགོན་པའི་ནང་ནས་མཐོང་སྟེ་ངོ་མཚར་སྐྱེས། དེའི་ཚེ་ནུབ་ཕྱོགས་ནས་མཁའ་འགྲོ་མའི་སྤྲུལ་པ་ལྟ་བུའི་ཁྱུ་ཚོགས་ཤིག་དུས་མཉམ་དུ་འཕུར་ཡོང་ནས་བབས། འདི་ནི་དཀར་པོ་ཕུག་དུར་ཁྲོད་ལ་ཐོག་མར་བཞག་པའི་གདུང་རེད།་རྗེས་ནས་རྗེ་བཙུན་ཆེན་པོ་བློ་བཟང་འོད་ཟེར་ཆེ་བ་ཚང་གིས་དུར་ཁྲོད་དངོས་སུ་བསྒྲུབས་ཏེ་རྟགས་ཐོན། འདིར་བེམ་པོ་བཞག་ན་མཁའ་སྤྱོད་དུ་བགྲོད་པར་ཐེ་ཚོམ་མེད་ཅེས་ཁས་གླངས་དམ་ཚིག་མནན་ཡོད་ཅེས་ལྕང་སྐྱ་རིན་པོ་ཆེས་གསུངས། སྐབས་ཤིག་རྡོ་རྗེ་འཆང་ཚང་དང་། ལྕང་སྐྱ་ཚང་བཅས་དཔོན་སློབ་འགའ་དུར་ཁྲོད་མདུན་ཕྱོགས་ཀྱི་ནོར་བུ་དེའི་ཡག་སྟག་སྒང་གི་ཡར་ནང་རྩ་ཝོར་ནང་དུ་དུར་བདག་གི་བསྙེན་མཚམས་ལ་བཞུགས་ཡོད་སྐབས་ཐུན་མཚམས་སུ། དུར་བདག་གི་གཏོར་བསྔོས་མཐུ་སྟོབས་དབང་ཕྱུག་མ་གསུང་དུས་རྡོ་རྗེ་འཆང་ཚང་ལ་དུར་བདག་ཡབ་ཡུམ་གྱི་ཞལ་གཟིགས་ཐོན། དུར་ཁྲོད་ཐད་ཀྱི་མདུན་རི་ནི་མྱོས་བུམ་རྒྱས་པ་ལྟ་བུ་རྗེ་བཙུན་མའི་ཚོགས་གཏོར་དང་དུར་བདག་གི་གཏོར་མ་བཅས་དངོས་སུ་བཤམས་པ་དང་ཀུན་ནས་མཚུངས་སོ། །དུར་ཁྲོད་ལ་བདག་གཉེར་བྱེད་མཁན་དགོན་པ་ཡིན་ལ། དགོན་པའི་ནང་ཆེད་བསྐོར་ཀྱི་དུར་བདག་ཡོད་ཅིང་། དུར་ཁྲོད་དུ་པུར་འཇོག་མཁན་གྱིས་པུར་བཞག་རྗེས་དགོན་པར་སོང་ནས་དགེ་བསྐོས་དང་དུར་བདག་ལ་སྙན་གསན་ཕུལ་བ་ན། དགོན་པའི་གྲྭ་ཚང་དུར་ཁྲོད་དུ་པེབས་ནས་ལྟུང་བཤགས་སྨོན་ལམ་སོགས་གསུངས་ནས་གྲོལ་རྗེས་དུར་བདག་གིས་དུར་ལས་བྱེད་པ་བཅས་རྒྱུན་སྲོལ་དུ་ཆགས་ཡོད།
གསེར་ལག་དགོན་པའི་དུར་ཁྲོད།
དུར་ཁྲོད་འདི་ནི་གསེར་ལག་དགོན་པའི་རྒྱལ་རི་ནོར་བུ་རི་རྒྱལ་གྱི་རི་སྐེད་དུ་ཡོད་ལ། རི་རྒྱལ་དུར་ཁྲོད་ཀྱང་ཟེར། དུར་ཁྲོད་ཅིག་ལ་ངེས་པར་དུ་ཚང་དགོས་པའི་སའི་རྟགས་མཚན་རྣམས་མ་ཚང་བ་མེད་པ་ཞིག་ཡིན་པ། རྒྱ་བཟའ་སྐུ་ཕྲེང་དང་པོ་ཁྲི་རྒན་འཇམ་དབྱངས་དགེ་འདུན་ཕུན་ཚོགས་མཆོག་གིས་རབ་བྱུང་བཅུ་བཞི་པའི་མེ་ཕག་(སྤྱི་ལོ ༡༨༢༧)ལ་དུར་ཁྲོད་ཀྱི་གནས་སུ་ངོས་འཛིན་མཛད་ནས། རྗེ་ཉིད་ཀྱིས་གཙོས་གཙང་བ་རིན་པོ་ཆེ་ཚང་དང་། རྩིབ་བཞག་བྱམས་པ་ཟླ་གྲགས་སོགས་ཀྱིས་ཉིན་མང་པོའི་རིང་དུར་ཁྲོད་ལེགས་པར་བསྒྲུབས། ལོ་དེར་སྐྱབས་མགོན་ཞབས་དཀར་བ་ཚོགས་དྲུག་རང་གྲོལ་གསེར་ལག་དགོན་དུ་ཕེབས་ཏེ་དུར་ཁྲོད་དུ་ཕེབས་ནས་བྱིན་རླབས་མཛད། རྗེ་གསེར་ཁང་པ་བློ་བཟང་བསྟན་འཛིན་རྒྱ་མཚོ་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་པ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་རྣམ་གཉིས་ཀྱང་སྔ་གཞུག་ཏུ་གནས་འདིར་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས། འདིར་རྡོ་ལ་བརྐོས་པའི་ཐར་མདོར་དང་ལྟུང་བཤགས་སོགས་ཚར་གྲགས་སྟོང་ཕྲག་བརྒལ་བའི་ཆོས་རྩིག་ཆེན་པོ་དང་། གཟུངས་སྔགས་ཀྱི་རིགས་དང་། སྐུ་གཟུགས་སྣ་ཚོགས་གྲངས་མེད་པ་བཅས་བཞུགས། ཕུར་འཇོག་ས་རིམ་པ་གཉིས་ཡོད་དེ། རིམ་པ་གོང་མ་ནི་བླ་མ་དང་གྲྭ་པའི་གདུང་འཇོག་ས་ད་ང། རིམ་པ་ཞོལ་མ་ནི་མི་སྐྱ་ཕོ་མོའི་པུར་འཇོག་ས་ཡིན། དེའི་ཞོལ་ན་བྱིས་པའི་པུར་འཇོག་ས་ཞིག་ཡོད་པ་དེ་ནི་བྱིས་པའི་སྲི་གཅོད་ས་ཡིན་པར་བཤད། གཤིན་པོའི་པུར་དུར་ཁྲོད་དུ་བསྐྱལ་རྗེས་བྱ་འབོད་པའི་ཆོ་ག་ནི་ཚ་གསུར་གཏོང་བ་དེ་ཡིན་ལ། ཚ་གསུར་བཏང་བ་ན་བྱ་རྣམས་ཕྱོགས་སོ་སོ་ནས་དུར་གཅིག་ལ་ཐོན་ཡོང་བ་རེད། པུར་སྐྱེལ་མཁན་རྣམས་དུར་ལས་མཇུག་རྫོགས་རྗེས་དགོན་པར་སོང་ནས་ཚོགས་ཆེན་དགེ་བསྐོས་ལ་སྙན་གསན་ཕུལ་བ་ན། དགེ་འདུན་འདུས་པ་རྒྱ་མཚོས་ཚེ་ལས་ཀྱི་ཆེད་དུ་ལྟུང་བཤགས་སྨོན་ལམ་སོགས་གསུང་བ་གནའ་སྔ་མོ་ནས་རྒྱུན་སྲོལ་དུ་གྱུར་པ་ད་ལྟའི་བར་མ་ཉམས་པར་ཡོད་དོ། །
བསང་ཁྲིའི་དུར་ཁྲོད།
དུར་ཁྲོད་འདི་ནི་ད་ལྟའི་དགོན་གོང་མ་གྲོང་རྡལ་གྱི་ལྷོ་ཕྱོགས་ཨུ་རྒེ་ལུང་པའི་ཕུ་མགོ་རུ་ཡོད་ཅིང་། ལུང་པའི་ཕུ་སྟོད་དུ་གནས་ས་མང་པོར་ཐར་མདོའི་རྡོ་བརྐོས་བརྩིགས་ཡོད། རབ་བྱུང་བཅུ་བདུན་པའི་ས་སྦྲུལ་(སྤྱི་ལོ ༡༩༨༩)ལོ་ལ་གསེར་ལག་དགོན་པའི་བླ་མ་ཨ་ལགས་སྨད་སོག་ཚང་སྐུ་དངོས་སུ་དུར་ཁྲོད་དེར་ཕེབས་ནས་བྱིན་གྱིས་བརླབས། ཁོང་གི་ཐུགས་བཀོད་ལྟར་དཔའ་མཆོག་ཚོ་རྟིང་བཞིས་རི་རྩེ་ནས་དར་ཤིང་བཙུགས་ཏེ་བཞི་དར་འཐེན་པ་དང་། དེ་ནས་བཟུང་ལོ་རེ་རེའི་ལུགས་རྙིང་གི་ཟླ་༥པའི་ཚེས་༤ཉིན་དར་ལྕོག་འཐེན་ནས་རི་བསང་གཏོང་བའི་ལུགས་སྲོལ་ཆགས། ཐར་མདོ་སོགས་རྡོ་བརྐོས་ཀྱང་བརྒྱ་ཚར་ལྷག་ཡོད། དུར་ཁྲོད་དེར་བེམ་པོ་འཇོག་མཁན་དགོན་གོང་མ་གཙོ་བྱས་པའི་འབའ་ལུང་དང་ཤ་སྦྲང་སོགས་ཀྱི་མི་སྡེ་ཁག་ཡིན།
ཝ་ལུང་སྒང་དུར་ཁྲོད།
འདི་ནི་གནའ་བོའི་དུར་གནས་ཤིག་སྟེ། རྨ་སྲིབ་གྲོང་རྡལ་གྱི་ཏེང་ཅ་སྡེ་བའི་ཤར་ལྷོའི་ཕྱོགས་སུ་སྨི་༣༠༠ཙམ་གྱིས་ཆོད་པའི་ཝ་ལུང་སྒང་མགོ་ན་ཡོད། ངག་རྒྱུན་ལ། སྔོན་དུས་འདི་ནི་ཝ་མོ་མང་པོ་འཁོར་ས་ཞིག་ཡིན་ན་ཝ་ལུང་སྒང་དུ་ཐོགས་པར་བཤད་ལ། དུར་གནས་འདི་ནི་ལི་ཆས་སྤྱོད་པའི་དུས་རབས་དང་འབྲེལ་བའི་ས་འོག་རིག་གནས་ཀྱི་རྗེས་ཤུལ་ཡིན་པར་བཤད་ཅིང་། དེ་ལས་རྫ་ཆས་དཀྱུས་མ་དང་རྫ་ཆས་དམར་པོ་སོགས་གནའ་རྫས་མང་པོ་བུད་མྱོང་།