མདོ་སྨད་རྔ་ཡུལ་སྣང་ཞིག་དགོན་པ་ནི་སྤྱི་ལོ་༡༡༠༨ལོར་སྣང་ཞིག་དོ་འཕགས་ཆེན་པོའི་སྲས་བྱ་ཆེན་ཉི་མ་འཛིན་གྱིས་ཕྱག་བཏབས། ད་ལྟའི་ཆར་རྔ་བ་བར་མ་ཡུལ་ཚོའི་ཁུངས་སུ་གཏོགས། འདི་བོད་ཡུལ་ཀྱི་བོན་དགོན་ཆེ་ཤོས་ཡིན་པར་གྲགས་ཤིང་མདོ་དབུས་ཁམས་གསུམ་ནས་སློབ་གཉེར་དུ་ཕེབས་པའི་གྲྭ་ས་བའང་ཧ་ཅང་མང་། དགོན་འདིར་འཆད་ཉན་གྱི་ཕྱག་སྲོལ་ཧ་ཅང་དར་ཆེ་ཞིང་རྩ་བའི་གདན་ས་སྨན་རི་དང་གཡུང་དྲུང་གླིང་གི་ཡིག་ཆ་དང་ཕྱག་སྲོལ་གཙོར་འཛིན་བྱེད། ད་ལྟ་སྣང་ཞིག་སྐྱབས་མགོན་བླ་རབས་སོ་དགུ་བ་༧བསྐལ་བཟང་བློ་གྲོས་རྒྱ་མཚོ་མཆོག་གི་འཛིན་སྐྱོང་འོག་གནས་མུས་ཡིན།
སྣང་རྒྱལ་ཤེས་རབ་བསམ་འཕེལ།
མདོ་སྨད་སྣང་ཞིག་དགོན་ཆེན་གྱི་བྱུང་བ་མདོར་ཙམ་གླེང་བ།
སྣང་ཞིག་གི་གདུང་རྒྱུད་ཀྱི་ཐོག་མ་སྣང་ཞིག་བློ་གྲོས་རྒྱལ་མཚན་ནི་རྨ་ཡི་བཀྲ་ཤིས་ལྷ་སྒང་རིང་མོ་རུ་མཁའ་འགྱིང་གཉན་གྱི་གདུང་ལས་འཁྲུངས། དེ་དང་ཡུམ་ཉི་མ་སྒྲོན་གཉིས་ལ་རབ་བྱུང་དང་པོའི་ས་འབྲུག་ཕྱི་ལོ་༡༠༢༨།[1]ལོར་སྣང་ཞིག་དོ་འཕགས་ཆེན་པོ་སྐུ་འཁྲུངས། དམ་པ་དེ་ཉིད་ཀྱིས་ཤར་སྟོད་ཀྱི་གཉེན་པོ་གཡུ་རྩེ་སོགས་བོད་ཀྱི་གནས་ཆེན་དུ་མར་སྒྲུབ་པ་ཉམས་ལེན་བྱས་མཐར་མངའ་[2]བ་རུ་ཕེབས་ཤིང་སྐབས་དེ་དུས་སུ་མངའ་སྟོད་སྨད་བར་གསུམ་དུ་གཡུང་དྲུང་ལུགས་འཛིན་པ་ཁོ་ན་ལས་ཆོས་རྒྱུད་གཞན་གང་ཡང་མེད། དེ་ནས་དམ་པ་གང་གིས་སྐྱང་བཟའ་གཡུ་སྒྲོན་མའམ་མདོ་སྨད་ཨ་མ་ཞིག་མོ་གསང་བའི་ཡུམ་དུ་བཞེས་ཤིང་གནས་གཞིས་དང་པོ་ཆགས་ས་ནི་མཆོད་ཞིང་དཀྱིལ་ཏེ། དེང་གི་མི་རྒྱབ་ཀྱི་གནས་གཞིས་ཡོད་ས་དེ་ཡིན། དོ་འཕགས་དང་སྐྱང་བཟའ་གཉིས་ལ་སྲས་གསུམ་སྟེ།བྱ་ཆེན་དང་།ལྕགས་མདུད།དངུལ་སྐུ་དང་གསུམ་འཁྲུངས།དེ་ནས་སྐུ་སྲས་གསུམ་སོ་སོར་གྱེས་ཏེ།བྱ་ཆེན་གྱིས་ཡབ་ཀྱི་གདན་ས་བསྐྱངས།ལྕགས་མདུད་འདུལ་བ་རྒྱལ་མཚན་རྔ་སྨད་མཚན་ཉིད་ཅེས་པའི་ཡུལ་དེ་རུ་ཕེབས་ཏེ།གྲུབ་སྡེ་སེར་ཚོགས་ཀྱི་གཞི་བཟུང་།དེང་སང་ཨ་མཆོག་ཁང་དམར་ལྷ་ཁང་ཡོད་ས་དེ་ཡིན།ཆུང་བ་གཡུང་(གཡུང་དྲུང་རྒྱལ་མཚན)རྒྱན་ལ་ཨ་མ་ཞིག་མོས་དངུལ་སྐུ་དྲན་པ་ནམ་མཁའ་རྟེན་སྐལ་དུ་གནང་སྟེ། ཞེས་ཕན་སྒང་དུ་གནས་གཞི་བཟུང་ནས། ཕྱིས་སུ་ལྕགས་མདུད་དང་དངུལ་སྐུ་གཉིས་ཀ་ཤར་ཁོག་ཏུ་ཕེབས།འདི་ནས་སྣང་ཞིག་གི་གདུང་རབས་བྱ་ཆེན་ལྟར་རིམ་བཞིན་སྤྲོ་བར་བྱ་སྟེ། ༡༽སྣང་ཞིག་དོ་འཕགས་ཆེན་པོ་དེ་ཉིད་མངའ་ཡུལ་དུ་གནས་གཞི་ཆགས་པའི་གདན་ས་བ་དང་པོ་དེ་ཡིན།༢༽བྱ་ཆེན་ཉི་མ་འཛིན། “སྣང་ཞིག་དོ་འཕགས་ཆེན་པོ་དགུང་ལོ་སོ་གཅིག་ཐོག་སྲས་བྱ་ཆེན་ཉི་མ་འཛིན་སྐུ་འཁྲུངས།” ཞེས་གསུངས་པས། དེ་ལྟར་ན་ཕྱི་ལོ་༡༠༥༨།[3]ལ་འཁྲུངས་དགོས་པར་སྣང་།དམ་པ་གང་གིས་ཕྱི་ལོ་༡༡༠༨།[4]ལོར་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་གི་གྲུབ་སྡེ་སེར་ཚོགས་ཀྱི་དགོན་སྡེ་གསར་དུ་བཏབ།༣༽ལྷུན་གྲུབ་རྒྱལ་མཚན། ༤༽ཀུན་དགའ་རྒྱལ་མཚན། ༥༽ནམ་མཁའ་རྒྱལ་མཚན། ༦༽བྱ་ཆེན་ཟླ་རྒྱལ། ༧༽ཡོན་ཏན་རྒྱལ་མཚན། ༨༽ཀུན་དགའ་ལྷུན་གྲུབ། དམ་པ་དེ་ཉིད་གོང་མ་ཆིན་རྒྱལ་རབས་ཀྱི་དུས་སུ་རྒྱ་ནག་ལ་ཐན་པ་བྱུང་བས་ཆར་མ་བབས་པར།བོན་ཆོས་གཉིས་ཀྱི་བླ་མ་དུ་མ་གདན་དྲངས་ཀྱང་། དེའི་ནང་ནས་དམ་པ་གང་ཉིད་ཀྱིས་ཆར་ཕབ་ཐུབ་པ་བྱུང་བས།གཡུ་འབྲུག་ཁ་སྤྲོད་ཀྱི་ལྭ་བ་སྤྲིན་རིས་མ་དང་།རྨ་བྱའི་དབུ་གདུགས།ཐམ་ག།བཀའ་ཤོག་གསེར་བྲིས་མ།སྐྱབས་མགོན་ཞེས་པའི་མཚན་གནས་སོགས་ཡིག་ཚང་གི་ཆེ་ཐོབ་གནང་།༩༽ཤེས་རབ་རྒྱལ་མཚན། ༡༠༽ལྷུན་གྲུབ་རྒྱལ་མཚན། ༡༡༽ཤེས་རབ་འོད་ཟེར། ༡༢༽ཆགས་མེད་བྱ་བྲལ། ༡༣༽བསྟན་པ་རྒྱལ་མཚན། ༡༤༽ཚུལ་ཁྲིམས་རྒྱལ་མཚན། ༡༥༽ཡེ་ཤེས་རྒྱལ་མཚན། ༡༦༽བསོད་ནམས་རྒྱལ་མཚན། ༡༧༽ལྷུན་གྲུབ་དབང་ལྡན། ༡༨༽བསྟན་པ་ཚུལ་ཁྲིམས། ༡༩༽རིན་ཆེན་ལྷུན་འགྲུབ། ༢༠༽ཤེས་རབ་རྒྱལ་མཚན། ༢༡༽ནམ་མཁའ་རྒྱལ་མཚན།༢༢༽ཤེས་རབ་དབང་རྒྱལ།༢༣༽ཚེ་དབང་རྒྱལ་མཚན།༢༤༽ཚུལ་ཁྲིམས་དབང་མཆོག།། དམ་པ་གང་ཉིད་དབུས་གཙང་དུ་ཕེབས་ནས་སྨན་རིའི་མཁན་སློབ་རྣམས་ཀྱི་མདུན་ནས་དྲང་སྲོང་ངམ་བསྙེན་རྫོགས་ཀྱི་བསླབ་ཁྲིམས་མནོས་ཤིང་སླར་ཡང་ཕྱིར་སྣང་དགོན་དུ་ཕེབས་ཏེ།སྔར་གྱི་གྲུབ་སྡེ་སེར་ཚོགས་ཀྱི་དགོན་སྡེ་ལ།ལྷ་ཤེས་གྲོང་བོན་གྱི་སྡེ་དང་།རབ་བྱུང་འདུལ་པའི་སྡེ་གཉིས་སུ་ཕྱེས་ཏེ་འདུ་གནས་སོ་སོར་འཚོགས།
༢༥༽བསྟན་པ་ཚུལ་ཁྲིམས། ༢༦༽བསྟན་པ་ལྷུན་གྲུབ། ༢༧༽ཤེས་རབ་བློ་གྲོས། དམ་པ་འདི་ཉིད་དབུས་གཙང་དུ་ཕེབས་སྐབས་ཧོར་གྱི་རྒྱལ་པོ་འདས་གྲོངས་སུ་སོང་བ་དང་འཕྲད་དེ།ཧོར་རྒྱལ་སྲས་ཀྱིས་བླ་མ་གདན་དྲངས་ཏེ།འདྲེན་ཆོག་མཛད་ཅིང་མཆོད་ཡོན་གྱི་འབྲེལ་བ་ཆགས།རྒྱལ་པོའི་ཕོ་བྲང་གི་རྒྱུ་ནོར་ཕྱེད་ཙམ་ཕུལ་ཡང་གསེར་ཕྱེ་བྲེ་གང་ལས་མ་བཞེས་པར་གཞན་རྒྱལ་སྲས་ལ་ཕྱིར་ཕུལ།དེ་ནས་གྲྭ་ས་གོང་འོག་ལ་ཕེབས་ཏེ་བོན་ཕྱི་ནང་གསང་གསུམ་གྱི་དབང་ལུང་མན་ངག་གི་རྒྱུད་ཁ་བུམ་པ་གང་བྱོའི་ཚུལ་དུ་བླངས་།དེ་ནས་དབུས་སུ་ཕེབས་ཏེ་བསམ་ཡས་གཙུག་ལག་ཁང་གི་དཀོར་གཉེར་ལ་གསེར་ཕྱེ་བྲེ་གང་གནང་སྟེ། བཙན་པོའི་སྐུ་གཤེན་རིག་འཛིན་ཆེན་པོ་སྤ་གྱི་ཁྲོམ་དཀར་པོའི་དབུ་ཡང་མདོ་སྨད་དུ་གདན་དྲངས་ཏེ་སྣང་ཞིག་དགོན་ཆེན་གྱི་རྟེན་སྐལ་དུ་བཞུགས་ཡོད།སྐུ་ཚེའི་སྨད་ལ་ཁོང་གི་སྐུ་ཚ་སྣང་ཞིག་དངུལ་སྐུ་ཚང་གི་སྲས་སྣང་ཞིག་སྐྱབས་མགོན་ཟླ་བ་རྒྱལ་མཚན་དགུང་ལོ་བཅུ་གསུམ་ཐོག་ཤར་ཁོག་ནས་རྔ་བ་རུ་བྱོན་ཅིང་ཁུ་ཚ་ཞལ་འཛོམས་ཏེ་རྟེན་འབྲེལ་གྱི་རྟགས་དུ་མ་བྱུང་།ཁུ་བོའི་མདུན་ནས་རབ་ཏུ་བྱུང་ཞིང་དབང་ལུང་གི་གདམས་པ་དུ་མ་བླངས་ཏེ་དབུས་སུ་ཕེབས།
༢༨༽ཚུལ་ཁྲིམས་བསྟན་འཛིན། ༢༩༽རིན་ཆེན་རྒྱལ་མཚན།ཕྱི་ལོ་(༡༧༦༦)ལ་འཁྲུངས། དམ་པ་གང་ཉིད་ཀྱིས་དེང་སང་གི་སྣང་ཞིག་མ་དགོན་ནམ་སྣང་ཞིག་བླ་བྲང་ཡོད་ས་དེ་ནས། གཡས་ཕྱོགས་སུ་སྤྱི་ལེ་གཅིག་ཙམ་གྱི་བར་ཐག་ཡོད་པའི་གནས་རི་ཡེ་གཤེན་སྒང་དུ་དགོན་གནས་གསར་དུ་སྤོས་ནས་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་གི་བསྟན་པ་རྒྱ་ཆེ་རུ་སྤེལ།༣༠༽གཡུང་དྲུང་བསྟན་རྒྱས། ༣༡༽བསོད་ནམས་རྒྱལ་མཚན། ༣༢༽བསྟན་འཛིན་དབང་རྒྱལ། ༣༣༽ཕུན་ཚོགས་རྣམ་རྒྱལ། ༣༤༽བློ་གྲོས་ཐོགས་མེད། དམ་པ་གང་ཉིད་ཡབ་བསོད་ནམས་གཡུང་དྲུང་དང་།ཡུམ་བློན་ཟ་ཀླུ་མོ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས།རང་གི་ཁུ་བོ་རིན་ཆེན་རྒྱལ་མཚན་གྱི་མདུན་ནས་རབ་ཏུ་བྱུང་།སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་དང་མཇལ་ཞིང་དབང་ལུང་གི་གདམས་པ་དང་སངས་རྒྱས་ཀྱི་སྐུ་རྟེན་སོགས་བརྟན་བཞུགས་ཐུགས་སྨོན་དང་བཅས་གནང་།རེ་ཞིག་དབུས་གཙང་དུ་ཕེབས་ཏེ་སྨན་རིའི་མཁན་ཆེན་སྐུ་མདུན་བསོད་ནམས་བློ་གྲོས་དབང་གི་རྒྱལ་པོའི་མདུན་ནས་བསྙེན་རྫོགས་ཀྱི་བསླབ་ཁྲིམས་མནོས་ཏེ་སྣང་སྟོན་བློ་གྲོས་ཐོགས་མེད་ཅེས་མཚན་གསོལ།
༣༥༽བསྟན་པའི་ཉི་མ། དམ་པ་གང་ཉིད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གུང་ཐང་གསེར་ཁྲི་རིན་པོ་ཆེའི་ཡང་སྤྲུལ་དུ་ངོས་འཛིན་གནང་ཞིང་དངོས་འབྱོར་གྱི་བླུ་ཡོན་གྱ་ནོམ་པ་ཕུལ་ཏེ། བླ་བྲང་བཀྲ་ཤིས་འཁྱིལ་དུ་འབྱོན་རྒྱུར་ཇི་ལྟར་གསོལ་བ་བཏབ་པར།དགོན་འདིའི་ལྷ་སྡེ་སྐྱ་སེར་རྣམས་ཀྱིས་དངོས་བཞེས་མ་གནང་ཡང་།ཕྱིས་སུ་གུང་ཐང་བླ་བྲང་དང་འབྲེལ་ལམ་ཡག་པོ་ཡོད་པར་གྲགས།༣༦༽གྲུབ་དབང་གཡུང་དྲུང་བསྟན་འཛིན། ༣༧༽ནམ་མཁའ་བློ་གྲོས།ཕྱི་ལོ་༡༨༩༡་ལོར་ཡབ་སྣང་ཞིག་སྐལ་ཕུན་ཚོགས་དང་། ཡུམ་མོ་བཟའ་བསོད་ནམས་འབུམ་སྐྱིད་གཉིས་ལས་སྐུ་འཁྲུངས། རྗེ་གཅིག་བདག་ཉིད་ཆེན་པོའི་ཡང་སྤྲུལ་འཁྲུལ་མེད་དུ་ངོས་བཞེས་གནང་། དམ་པ་གང་གིས་ས་ལུག་སྟེ་ཕྱི་ལོ་༡༩༡༩།ལོར་གདན་ས་ཆེན་མོ་རབ་ལེགས་གཡུང་དྲུང་གླིང་གི་༧ དཔོན་སློབ་ཤེས་རབ་གྲགས་པ་གདན་དྲངས་ཏེ་འཆད་ཉན་གྱི་སྡེ་གསར་དུ་བཙུགས་པ་སོགས་དགོན་འདི་ཡི་ཕྱི་ནང་གི་འཛིན་སྐྱོང་སྐོར་ལ་མཛད་འཕྲིན་གཞན་ལས་ཁྱད་དུ་འཕགས། ༣༨༽བསྟན་པའི་རྒྱལ་མཚན། རྒྱལ་དབང་བསྟན་འཛིན། བསྟན་པ་རབ་རྒྱས་ཏེ། འདི་གསུམ་སྐུ་མཆེད་ཡིན་ཞིང་དམ་པ་འདི་དག་གི་རིང་ལ་དགོན་འདིའི་ཕྱི་ནང་གི་བཀོད་པ་སོགས་བདག་སྐྱོང་གནང་སྟེ་གཡུང་དྲུང་བོན་གྱི་བསྟན་པ་རྒྱ་ཆེར་དར། རེ་ཞིག་དུས་འགྱུར་གྱི་དབང་གིས་ཐུན་མོང་ལྟར་དགོན་འདི་ལ་ཡང་ཆགས་འཇིག་ཡ་ང་བ་བྱུང་མོད། སླར་ཡང་རྒྱལ་ཚབ་བསྟན་འཛིན་དབང་རྒྱལ་རིན་པོ་ཆེའི་སྐུ་དྲིན་ཉག་གཅིག་ལ་བརྟེན་ནས།༣༩༽ད་ལྟ་འགྲོ་བ་ལྷ་དང་བཅས་པའི་དཔུང་གཉེན་དུ་དངོས་སུ་བྱོན་ཅིང་སྐུ་འཚོ་ཞིང་བཞུགས་པ། ༧ སྣང་ཞིག་སྐྱབས་མགོན་སྐལ་བཟང་བློ་གྲོས་རྒྱ་མཚོ་དང་། སྣང་སྟོན་བློ་གྲོས་ཐོགས་མེད་དཔལ་བཟང་པོ་རྣམ་གཉིས་ཀྱི་མཛད་འཕྲིན་འོག་ད་ལྟ་དངོས་སུ་དགོན་འདིར་གྲྭ་བཙུན་ཆིག་སྟོང་ལྷག་ཚོགས་ཏེ་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་སློབ་གཉེར་བ་བརྒྱ་ཕྲག་དུ་མ་འདུས་ཤིང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གཞུང་སྐོར་ལ་ཐོས་བསམ་སྒོམ་གསུམ་གནང་སྟེ་བཤད་སྒྲུབ་འཆད་ཉན་གྱི་སྡེ་རབ་རུ་དར་ཞིང་ཞྭ་དཀར་འཆང་བ་གཡུངདྲུང་བོན་གྱི་གདན་ས་ཆེ་ཤོས་སུ་གྱུར་ཡོད་པར་འུར་བསྟོད་ཙམ་མིན་པར་ཀུན་གྱིས་མཐོང་ཡུལ་དུ་མངའ་བའོ། །རེ་ཞིག་ཡིག་ཚོགས་མང་བས་རྒྱས་པར་མི་སྤྲོ་ཞིང་ཞིབ་པར་མཁྱེན་འདོད་ཡོད་རིགས་རྣམས་ཀྱིས་སྣང་ཞིག་གི་གདན་རབས་རྒྱས་པ་རྣམས་སུ་གཟིགས་གནང་ཡོང་བར་ཞུ། དགེའོ། །ཐ་ཚན་མུ་ཙུག་སྨར་རོ། །
______________
[1]རབ་བྱུང་གཉིས་པའི་ས་འབྲུག་ཡིན་པར་འདོད་པའི་ལུགས་ཀྱང་ཡོད་པར་རྒྱུ་མཚན་ཆེ་བར་སེམས་ཏེ། དེ་ལྟར་ན་ཕྱི་ལོ་༡༠༨༨། ཁེལ་ཡོད།
[2]སྣང་ཞིག་གི་གདུང་རབས་དང་འབྲེལ་བའི་ལོ་རྒྱུས་རྣམས་སུ་རྔ་བ་ཞེས་པའི་ཡུལ་མིང་འདི་ལ་འབྲི་སྲོལ་མི་འདྲ་བ་གཉིས་ཡོད་དེ། (རྔ་བ)་ཞེས་པ་ནི་ས་དབྱིབས་ཀྱིས་བཏགས་པ་དང་། (མངའ་བ)་ཞེས་པ་ནི་སྟོད་མངའ་རིས་ནས་ཆད་པས་ན་ཐོགས་པ་ཡིན་ཞེས་སྒྲ་བཤད་ཀྱང་མི་འདྲ་བ་གཉིས་སུ་མཆིས། རྔ་བའི་ཡུལ་མི་རྣམས་ཀྱི་ངག་རྒུུན་དུ། “རྔ་བ་མ་རེད་མངའ་བ་རེད། སྟོད་མངའ་རིས་ཆད་ཀི་དུམ་བུ་རེད། ཤ་སོག་པ་བགོས་པའི་ཚལ་པ་རེད།” ཅེས་ཀྱང་ཟེར་སྲོལ་ཡོད་དོ།
[3]གོང་གི་ལོ་ཚིགས་ཕྱི་མ་ལྟར་ན་ཕྱི་ལོ་༡༡༡༩།ལ་འཁྲུངས་དགོས།
[4]གོང་གི་ལོ་ཚིགས་ཕྱི་མ་ལྟར་ན་འདིར་དགོན་པ་ཕྱག་འདེབས་པའི་ལོ་ཚིགས་ལ་ཡང་དྲུག་ཅུ་སྐོར་གཅིག་བསྣན་པས་ཕྱི་ལོ་༡༡༦༨། ལ་ཁེལ་ཡོད།