༄༅།།བཀུར་འོས་བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་འགན་འཛིན་ལྷན་ཚོགས་དང་། དབུས་རྒྱུན་ཟུར་བ། ས་གནས་རྒྱུན་ལས། ས་གནས་འབྲེལ་མཐུད་པ་བཅས་ཀྱི་དྲུང་དུ།

བོད་ལྗོངས་མདོ་སྨད་ཆོལ་ཁའི་རྩ་འཛིན་སྒྲིག་གཞི། ལེའུ་གསུམ་པ། དོན་ཚན་བརྒྱད་པ། མདོ་སྨད་ཚོགས་ཆེན། ནང་གསེས། ༢། ལོ་གསུམ་རེའི་མཚམས་སུ་མདོ་སྨད་ཆོལ་ཁའི་ཚོགས་ཆེན་ཐེངས་རེ་སྐོང་ཚོགས་བྱ་རྒྱུ། ཞེས་པའི་དགོངས་དོན་ལྟར་ལོ་གསུམ་རེའི་འཁོར་མཚམས་སུ་མདོ་སྨད་ཚོགས་ཆེན་སྐོང་འཚོགས་ཀྱིས་དབུས་རྒྱུན་ལས་ཁང་གི་སྒྲིག་གཞི་གཏན་འབེབས་དང་བསྐྱར་བཅོས། དབུས་རྒྱུན་ཚོགས་མི་འདེམས་བསྐོ་དང་འཕོ་འགྱུར། གྲོས་ཆོད་འཇོག་པ། དབུས་རྒྱུན་གྱི་ལས་བསྡོམས་དང་རྩིས་ཞིབ་སྙན་ཐོར་ཞིབ་འཇུག་དང་འདྲི་བརྩད་བཅས་བྱ་དགོས་ནའང་། རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་ནད་དུག་ COVID-19 རྐྱེན་གྱིས་འཛམ་གླིང་ཡུལ་གྲུ་གང་སར་མི་མང་མཉམ་འཛོམས་སོགས་བྱ་མི་ཆོག་པའི་ཡུལ་ཁྲིམས་དང་། ལྷག་དོན་རྒྱ་གར་ནང་དུ་ཏོག་ནད་རླབས་ཕྲེང་གཉིས་པ་འཕྱུར་བའི་རྐྱེན་གྱིས་ཕྱི་ལོ་ ༢༠༢༡ ཟླ་ ༠༥ ཚེས་ ༠༣ ཉིན་མདོ་སྨད་ཚོགས་ཆེན་དེ་དུས་ཚོད་ངེས་མེད་ཀྱིས་ཕྱིར་འགྱངས་མ་བྱས་རང་བྱས་ཆགས་པའི་བརྡ་ཐོ་འགན་འཛིན་ལྷན་ཚོགས་དང་། དབུས་རྒྱུན་ཟུར་བ། ས་གནས་རྒྱུན་ལས་དང་། ས་གནས་འབྲེལ་མཐུད་པ་བཅས་ལ་བཏང་ཟིན་པའི་གནས་སྟངས་འོག་ད་བར་དུ་ལྷག་ཟིན་ནའང་། དེང་སྐབས་ན་ཚའི་གནས་སྟངས་ཅུང་ཞི་འཇམས་སུ་གྱུར་ཏེ། འགྲིལ་སྐྱོད་དང་། འདུ་འཛོམས་སོགས་བྱས་ཆོག་པའི་གནས་སྟངས་ཤར་ཡོད་སྟབས་སྐབས་བཅུ་བདུན་པའི་མདོ་སྨད་ཚོགས་ཆེན་ཕྱི་ལོ་ ༢༠༢༢ ཟླ་ ༠༣ ཚེས་ ༡༡ ནས་ ༡༣ བར་ཉིན་གྲངས་གསུམ་ལ་འཚོགས་གཏན་ཁེལ་བ་ལགས་ན་བཀུར་འོས་འགན་འཛིན་ལྷན་ཚོགས་དང་། དབུས་རྒྱུན། དབུས་རྒྱུན་ཟུར་བ་རྣམས་དང་། ས་གནས་རྒྱུན་ལས་ཁག་གི་ཚོགས་གཙོ་གཞོན་གཉིས། ས་གནས་འབྲེལ་མཐུད་པ་རྣམ་པ་བཅས་དུས་ལྟར་དུ་ངེས་ཕེབས་གནང་སྐྱོང་ཡོང་བ་མཁྱེན་མཁྱེན་ཞུ།

ཚོགས་ཡུལ། བཞུགས་སྒར་རྡ་རམ་ཤཱ་ལ།

ཚོགས་དུས། བོད་རྒྱལ་ལོ་ ༢༡༤༩ རབ་གནས་ཆུ་སྟག་བོད་ཟླ་དང་པོའི་ཚེས་ ༠༩ -༡༠-༡༡ ཕྱི་ལོ་ ༢༠༢༢ ཟླ་ ༠༣ ཚེས་ ༡༡-༡༢-༡༣ བཅས་ཉིན་གསུམ་རིང་།

ཚོགས་ཆེན་སྐབས་ཀྱི་གྲོས་གཞི་གྲོས་འཆར་དང་། ཚོགས་ཁང་། ཚོགས་ཆེན་གྱི་མཛད་རིམ་སོགས་ཕྱིས་སུ་གཏན་ཁེལ་གྱིས་སྤྱན་འབུལ་ཞུ་ངེས་ཡིན་པས་དེ་དོན་དགོངས་བཞེས་ཡོང་པ་ཞུ།

བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས།

ཕྱི་ལོ་༢༠༢༡ ཟླ་ ༡༢ ཚེས་ ༠༣ ཉིན།

About རྩོམ་སྒྲིག་པ།