༡ བཙན་པོ་དགོན་དགའ་ལྡན་དམ་ཆོས་གླིང་།
བཙན་པོ་དགོན་དགའ་ལྡན་དམ་ཆོས་གླིང་ནི་སྤྱི་ལོ་༡༦༥༠ལོར་གསེར་ཁོག་རྟེའུ་ཐང་དུ་བཙན་པོ་དོན་གྲུབ་རྒྱ་མཚོས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།
དགོན་འདི་བྱང་གི་དགོན་ཆེན་བཞིའི་ཡ་གྱལ་ཞིག་ཡིན་ལ། བྱང་དཔའ་རིས་ཁོངས་གཏོགས་ཀྱི་དགོན་སྡེ་ཆེ་གྲས་ཤིག་ཀྱང་ཡིན། སྤྱི་ལོ་༡༧༢༣ ལོར་མཚོ་སྔོན་ཆུ་ཡོས་དུས་འཁྲུག་ཆེན་མོ་བྱུང་སྐབས་བཙན་པོ་སྤྲུལ་སྐུའི་རྒྱ་འགོག་གི་དམག་སྣ་དྲངས་ཀྱང་ཟེར། གང་ལྟར་དགོན་པ་མེར་སྲེག་བཏང༌། ཕྱིས་ཧོར་སྨིན་གྲོལ་ནོ་མོན་ཧན་གྱིས་བསྐྱར་གསོ་མཛད་ཅིང་། དབུས་ནས་བཀའ་བསྟན་སོགས་རྟེན་རྫས་ཀྱི་བདག་རྐྱེན་མང་དུ་སྦྱར། དགོན་པ་བཏབ་ལོ་ས་གླང་དང་ལྕགས་ཡོས་ཡིན་ཟེར་མཁན་ཡོད་ཟེར། འདི་ལ་དགོན་ལག་ཐུ་གུ་དང་། ཐུར་ཆེན། ཤིང་ལུང༌། བུམ་པ་ཆོས་ལུང་། རྒྱ་ལྡོག བན་རྒུད། རབ་རྒྱས། ཏཱ་བན། གྲུང་ཤན་སྟག་ལུང་བཅས་ཡོད་འདུག མཆོད་གཞིས་འབྲོག་སྡེ་བཱ་ཟ་ཚོ་བརྒྱད་དང་། བཱ་ཚོ་བ་བཞི་སོགས་ཡོད་པར་བཤད། སྤྱི་ལོ་༡༩༥༨ ལོ་ནས་རྒྱ་གཞུང་གིས་དགོན་སྡེ་རྩ་གཏོར་བྱས། སྤྱི་ལོ་༡༩༨༡ ལོའི་རྗེས་ནས་ཡུལ་མིས་བསྐྱར་བཞེངས་བྱེད་མགོ་ཚུགས།
༢ གྲོ་ལུང་རི་ཁྲོད།
གྲོ་ལུང་རི་ཁྲོད་ནི་གསེར་ཁོག་རྟེའུ་ཐང་དུ་ཡོད།འདེབས་དང་བཏབ་ལོ་སོགས་མི་གསལ།ཆོས་རྒྱུད་དགེ་ལུགས་ཡིན།
མདོ་སྨད་ཆོས་འབྱུང་དུ་གསེར་ཁོག་ཚོགས་ཆེན་ནས་སྐལ་བ་གཏོང་བར་གསུངས་པ་ཙམ་ལས་མི་གསལ། འབྲེལ་ཡོད་ཀྱི་ལོ་རྒྱུས་གཞན་ཡང་མ་རྙེད། སྤྱི་ལོ་༡༩༥༨ ལོ་ནས་རྒྱ་གཞུང་གིས་དགོན་སྡེ་རྩ་གཏོར་བྱས། ད་ལྟའི་གནས་ཚུལ་མ་ཤེས།
༣ ཕུན་ཚོགས་ལུང་རི་ཁྲོད།
ཕུན་ཚོགས་ཀུང་རི་ཁྲོད་ནི་གསེར་ཁོག་ཕྱོགས་སུ་ཡོད།འདེབས་མཁན་དང་བཏབ་ལོ་སོགས་མི་གསལ།ཆོས་རྒྱུད་དགེ་ལུགས་ཡིན།
འདི་ལའང་གསེར་ཁོག་ཚོགས་ཆེན་ནས་སྐལ་བ་གནང་སྲོལ་ཡོད་འདུག་ཅིང༌། ཧོར་སྒོམ་པ་བླ་མ་བསྟན་འཛིན་བཟང་བོ་ཡུན་རིང་བཞུགས། འདི་བས་རྗེ་གསེར་ཁ་བ་བསྟེན། སྐུ་ཚེ་སྨད་ཟབ་ལུང་རི་ཁྲོད་དང་ཞེ་བར་སྒྲུབ་པ་ལ་གཞོལ། སྤྱི་ལོ་༡༩༥༨ ལོ་ནས་རྒྱ་གཞུང་གིས་དགོན་སྡེ་རྩ་གཏོར་བྱས། ད་ལྟའི་གནས་ཚུལ་མ་ཤེས།
༤ འདུལ་བ་དགོན་བཤད་སྒྲུབ་དར་རྒྱས་གླིང་།
འདུལ་བ་དགོན་བཤད་སྒྲུབ་དར་རྒྱས་གླིང་ནི་ཞུ་ཁོག་སྟོད་དུ་རབ་བྱུང་༡༡པའི་ནང་ཤེས་རབ་རྒྱལ་མཚན་ནས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།
དགོན་འདི་འདེབས་པ་པོ་ནི་སེ་ཆེན་ཆོས་རྗེ་བྱ་བ་ཡིན་ལ། དེང་སང་འདི་བའི་སྐོར་རྒྱུས་མངའ་ཡོད་མཁན་ཉུང་ཡང་། འདི་བ་རྒྱལ་དབང་ལྔ་བ་ཆེན་མོ་དང་པཎ་ཆེན་དཔལ་ལྡན་ཡེ་ཤེས་གཉིས་ཀྱིས་བཀའ་མངག་གནང་བ་ལྟར། མན་ཇུའི་རྒྱལ་རབས་སྔ་མའི་རྒྱལ་ས་མུག་ཏུན་དུ་བྱོ་བྱོན་ཏེ་བོད་དང་མན་ཇུའི་རྒྱལ་ཁབ་མཆོད་ཡོན་གྱི་འབྲེལ་བ་འཛུགས་མཁན་ཐོག་མ་དེ་ཡིན། འདི་ད་ལྟ་བོད་དང་ཆིང་རྒྱལ་རབས་ཀྱི་སྐོར་ཉོག་ལ་འཛིང་བ་མང་བོ་བཤད་ཀྱིན་ཡོད་པ་དང་འབྲེལ་བ་མེད།རྒྱས་པ་གླེགས་བམ་གཞན་དུ་གསལ་བས་དེར་གཟིགས་པར་ཞུ། འདི་བས་བཏབ་ནས་ཆི་ཀྱ་ཨེར་ཁེ་ཨུ་འདུར་ཆོས་རྗེ་དང་།འདུལ་བ་བློ་བཟང་དགེ་དར་གཉིས་ཀྱིས་དར་རྒྱས་སུ་བཏང་ཟེར།སྤྱི་ལོ་༡༩༥༨ལོ་ནས་རྒྱ་གཞུང་གིས་དགོན་སྡེ་རྩ་གཏོར་བྱས།ད་ལྟའི་གནས་ཚུལ་མ་ཤེས།
༥ དགོན་གསར་བཤད་སྒྲུབ་གླིང་།
དགོན་གསར་བཤད་སྒྲུབ་གླིང་ནི་སྤྱི་ལོ་༡༧༣༣ལོར་དཔའ་རིས་ཞྭ་ཁོག་དུ་སུམ་པ་ཡེ་ཤེས་དཔལ་འབྱོར་ནས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།
དགོན་འདི་རྒྱལ་སྲས་ཡེ་ཤེས་གྲགས་པའི་ལུང་བསྟན་ལྟར་བཏབ་ཅེས་སུམ་པའི་ཆོས་འབྱུང་དུ་གསལ། ལུང་མདོར་མོའི་པེ་ཤང་གི་མཁར་ཡོད། སྤྱི་ལོ་༡༩༥༨ལོ་ནས་རྒྱ་གཞུང་གིས་དགོན་སྡེ་རྩ་གཏོར་བྱས། ད་ལྟའི་གནས་ཚུལ་མ་ཤེས།
༦ ནོམ་ཅི་དགོན་དགའ་ལྡན་བདེ་ཆེན་གླིང་།
ནོམ་ཅི་དགོན་དགའ་ལྡན་བདེ་ཆེན་གླིང་ནི་སྤྱི་ལོ་༡༦༤༤ལོར་དཔའ་རིས་ཞུ་ཁོག་དུ་བློ་གྲོས་རྒྱ་མཚོ་ནས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།
དགོན་འདི་འདེབས་པ་བོའི་མཚན་ཡོངས་གྲགས་ལ་ཨ་རིན་རབ་འབྱམས་པ་ཟེར་སྣང་། སྤྱི་ལོ་༡༩༥༨ ལོ་ནས་རྒྱ་གཞུང་གིས་དགོན་སྡེ་རྩ་གཏོར་བྱས། ད་ལྟའི་གནས་ཚུལ་མ་ཤེས།
༧ ཐ་ཡན་ཆ་ཆུང་བ་དགའ་ལྡན་རིན་ཆེན་གླིང་།
ཐ་ཡན་ཆ་ཆུང་བ་དགའ་ལྡན་རིན་ཆེན་གླིང་ནི་བོ་ཁོག་དུ་ཀུན་དགའ་བཟང་བོས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།
འདི་ཉིད་དགོན་ལུང་བཟང་སྐོར་དཀའ་བཅུ་ཀུན་དགའ་བཟང་བོས་བཏབ། སྐྱེ་རྒྱུད་རིམ་བྱོན་གྱིས་བསྐྱངས། སྤྱི་ལོ་༡༩༥༨ ལོར་རྒྱས་བཅོམ་སྟེ་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༦ ལོ་ནས་ས་གནས་སྐྱ་སེར་མི་མང་གིས་ཞལ་འདེབས་ཕུལ་ཏེ་འདུ་ཁང་སོགས་སྤར་བསྐྱར་བཞེངས་བྱས།
༨ བཀྲ་ཤིས་རྩེའི་རི་ཁྲོད།
བཀྲ་ཤིས་རྩེའི་རི་ཁྲོད་ནི་རབ་བྱུང་༡༡ནང་བོ་ཁོག་གཡས་ལུང་དཀར་དུ་དཔལ་ལྡན་འོད་ཟེར་ནས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།
འདི་ལ་རི་ཁྲོད་བསམ་གཏན་གླིང་ཡང་ཟེར། བཟང་སྐོར་དཀའ་བཅུའི་སྤྲུལ་སྐུ་དཔལ་ལྡན་འོད་ཟེར་གྱིས་རྨང་བཏིང་ཞིང་། སུམ་པ་དཔོན་སློབ་ཀྱིས་དར་རྒྱས་མཛད་པར་བཤད། ལོ་རྒྱུས་གཞན་མི་གསལ། སྤྱི་ལོ་༡༩༥༨ ལོ་ནས་རྒྱ་གཞུང་གིས་དགོན་སྡེ་རྩ་གཏོར་བྱས། ད་ལྟའི་གནས་ཚུལ་མ་ཤེས།
༩ ཐ་ཡན་ཆི་ཆེ་བ།
ཐ་ཡན་ཆི་ཆེ་བ་ནི་དཔའ་རིས་བོ་ཁོག་དུ་ཧཱ་ཀྱ་སྒོམ་པ་དོན་རིན་པས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།
དགོན་འདི་ཧཱ་ཀྱ་སྒོམ་པ་དོན་རིན་པ་སོགས་བསྡད་དེ་ཆགས་ཞེས་པ་ཙམ་ལས་ལོ་རྒྱུས་མ་རྙེད། སྤྱི་ལོ་༡༩༥༨ ལོ་ནས་རྒྱ་གཞུང་གིས་དགོན་སྡེ་རྩ་གཏོར་བྱས།ད་ལྟའི་གནས་ཚུལ་མ་ཤེས།
༡༠ ཝད་རི་ཁྲོད།
ཝད་རི་ཁྲོད་ནི་སྤྱི་ལོ་༡༧༣༧།༡༧༩༥བར་དཔའ་རིས་བོ་ཁོག་དུ་ངག་དབང་ཡེ་ཤེས་ནས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།
དགོན་འདི་འདེབས་པ་བོའི་མཚན་ལ་ཝང་རབ་བྱམས་པའང་ཟེར། རི་ཁྲོད་འདི་མཚོ་སྔོན་དུས་འཁྲུགས་སྐབས་ཉམས་ཆག་ཏུ་ཕྱིན་ཏེ་སླར་གསོ་མ་ཐུབ་པར་གསུངས། འདིའི་ཉེ་འཁོར་སྟག་རི་བྱ་བར་རི་ཁྲོད་པ་ཁ་ཤས་ཡོད་གསུངས་ཀྱང་།རི་ཁྲོད་ཀྱི་མིང་མ་སྨོས་པས་འདིར་འགོད་ཐབས་མ་བྱུང༌།
༡༡ ཨོར་སོ་རི་ཁྲོད།
ཨོར་སོ་རི་ཁྲོད་ནི་དཔའ་རིས་བོ་ཁོག་དུ་ཡོད།ཆོས་རྒྱུད་དགེ་ལུགས་ཡིན།
མདོ་སྨད་ཆོས་འབྱུང་དུ་འདིའི་མཚན་ཙམ་ལས་མ་བྱུང༌། འབྲེལ་ཡོད་ཀྱི་ལོ་རྒྱུས་གཞན་མ་རྙེད། སྤྱི་ལོ་༡༩༥༨ ལོ་ནས་རྒྱ་གཞུང་གིས་དགོན་སྡེ་རྩ་གཏོར་བྱས། ད་ལྟའི་གནས་ཚུལ་མ་ཤེས།
༡༢ གཡག་རིའི་རི་ཁྲོད།
གཡག་རིའི་རི་ཁྲོད་ནི་དཔའ་རིས་བོ་ཁོག་དུ་སྨིན་གྲོལ་སྤྲུལ་སྐུས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།
འདིར་སྨིན་གྲོལ་སྤྲུལ་སྐུས་བྱམས་ཁང་བཞེངས། རི་ཁྲོད་པ་བཅུ་གྲངས་བཞུགས་པར་བཤད། སྤྱི་ལོ་༡༩༥༨ ལོ་ནས་རྒྱ་གཞུང་གིས་དགོན་སྡེ་རྩ་གཏོར་བྱས།ད་ལྟའི་གནས་ཚུལ་མ་ཤེས།།
༡༣ དགའ་ལྡན་དམ་ཆོས་གླིང་།
དགའ་ལྡན་དམ་ཆོས་གླིང་ནི་རབ་བྱུང་༡༡ནང་དཔའ་རིས་ཞྭ་ཁོག་དུ་ཤེས་རབ་རྒྱལ་མཚན་ནས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།
དགོན་པ་འདི་ཡང་རྒྱལ་དབང་ལྔ་བ་ཆེན་མོས་སེ་ར་ཆོས་རྗེ་ཤེས་རབ་རྒྱལ་མཚན་ལ་བཀའ་གནང་སྟེ་བཏབ་ཅིང༌། འཆད་ཉན་ཡང་བཙུགས། ཐུའུ་བཀྭན་རིན་པོ་ཆེ་ཁྲིར་ཕེབས་ཏེ་བཅའ་ཡིག་མཛད། སྤྱི་ལོ་༡༩༥༨ ལོ་ནས་རྒྱ་གཞུང་གིས་དགོན་སྡེ་རྩ་གཏོར་བྱས། སྤྱི་ལོ་༡༩༨༡ ལོའི་རྗེས་ནས་ཡུལ་མིས་བསྐྱར་བཞེངས་བྱེད་མགོ་ཚུགས།
༡༤ མི་ཉག་རི་ཁྲོད།
མི་ཉག་རི་ཁྲོད་ནི་རྟེའུ་ཐང་རྫོང་དུ་དཔལ་ལྡན་འོད་ཟེར་ནས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།
དགོན་འདི་སྔོན་སྐུ་འབུམ་དགོན་མི་ཞག་སྒར་བའི་མངའ་གཏོགས་ཡིན་ལ།མི་ཉག་སྤྲུལ་སྐུའི་དབྱར་གནས་མཛད་ས་ཡིན་ཟེར། སྤྱི་ལོ་༡༩༥༨ ལོར་རྒྱས་བཅོམ་སྟེ་ཆོས་སྒོ་བརྒྱབ་པ་ནས་ད་བར་སླར་གསོ་བྱེད་ཐུབ་མེད།
༡༥ ཆི་ཀྱཱ་དགོན་པ།
ཆི་ཀྱཱ་དགོན་པ་ནི་དུས་རབས་༡༨ནང་རྟེའུ་ཐང་རྫོང་དུ་དཔལ་ལྡན་འོད་ཟེར་ནས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།
འདིའི་དགོན་བདག་རོང་བོ་དགོན་ཆེན་གྱི་རོང་བོ་བླ་མ་ཡིན་ཞེས་མཚོ་སྔོན་ནང་བསྟན་དགོན་སྡེའི་ལོ་རྒྱུས་རྒྱ་ཡིག་མར་བཤད་པ་ཤར་ཚང་ཡིན་མིན་དཔྱད།སྔར་དར་རྒྱས་ཆེ་ཙམ་ཡོད་ཟེར། དགོན་དགའ་ལྡན་རིན་ཆེན་གླིང་ཞེས་པ་འདིའི་དགོན་ལག་ཡིན་པར་བཤད། དགོན་ནང་དུ་རོང་བོ་བླ་མ་དང་ཐུའུ་བཀུན་རིན་
པོ་ཆེ་གཉིས་ཀྱི་བླ་བྲང་རེ་ཡོད། སྤྱི་ལོ་༡༩༥༨ ལོར་རྒྱས་བཤིག་སྟེ་ཆོས་སྒོ་བརྒྱབ།
སྤྱི་ལོ་༡༩༦༢ ལོར་རྦད་དེ་བསྣུབས་པ་ནས་ད་བར་སླར་གསོ་བྱེད་ཐུབ་མེད།
༡༦ གསེར་ཁྲི་སྒར་བ།
གསེར་ཁྲི་སྒར་བ་ནི་སྤྱི་ལོ་༡༣༦༨།༡༣༩༨བར་རྟེའུ་ཐང་རྫོང་དུ་དཔལ་ལྡན་འོད་ཟེར་ནས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།
སྔར་དགོན་པར་གྲྭ་གྲངས་དུ་མ་ཡོད་པའི་དགོན་ཆུང་ཞིག་ཡིན་འདུག་ཀྱང་། སྤྱི་ལོ་༡༧༣༣ ལོའི་ཆུ་ཡོས་དུས་འཁྲུག་སྐབས་ཆིན་དམག་གིས་གཏོར་བཅོམ་བཏང༌། ཕྱིས་སླར་གསོ་བྱས་ཀྱང་། སྤྱི་ལོ་༡༩༥༨ ལོར་རྒྱ་དམར་གྱིས་བཅོམ་སྟེ་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༣ ལོ་ནས་ས་གནས་ཡུལ་མིས་དང་བླང་གིས་འདུ་ཁང་སོགས་བསྐྱར་བཞེངས་བྱས།
༡༧ ཧོས་རྙིང་དགོན་པ།
ཧོས་རྙིང་དགོན་པ་ནི་༡༣༦༨།༡༣༩༨བར་རྟེའུ་ཐང་རྫོང་དུ་དཔལ་ལྡན་འོད་ཟེར་ནས་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།
རྒྱ་དམར་བོད་དུ་སླེབས་དུས་གྲྭ་གྲངས་༢༡ ཙམ་ཡོད་ཟེར། སྤྱི་ལོ་༡༩༥༨ལོར་དགོན་པ་རྒྱ་གཞུང་གིས་བཅོམ་ཡང་། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་སོགས་དགོན་པའི་ལྷ་རྟེན་གཙོ་བོ་འགའ་ཡུལ་མིས་འགེབས་སྲུང་བྱས་ཏེ་ད་བར་རྒྱ་ལག་ཏུ་མ་ཤོར་བར་བཤད། སྤྱི་ལོ་༡༩༩༠ ལོ་ནས་ས་གནས་མང་ཚོགས་ཀྱིས་སླར་གསོ་བྱས།