༄༅། །མཚོ་བྱང་རྐང་ཚ་རྫོང་ཁོངས་ཀྱི་དགོན་སྡེ།

༡    རྐང་ཚ་དགོན་ཆེན།

རྐང་ཚ་དགོན་ཆེན་ནི་སྤྱི་ལོ་༡༩༡༥ལོར་རྐང་ཚའི་དཀོན་ལོ་ཚོ་བར་དགེ་བཤེས་འཇིགས་མེད་རྒྱ་མཚོ་ཕྱག་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

 

རྐང་ཚ་རྫོང་དགོན་ཆེན་མི་འགྱུར་དགའ་ལྡན་ཆོས་འཕེལ་གླིང་ནི། འདི་བ་དབུས་ཀྱི་སེ་ར་ཐེག་ཆེན་གླིང་གི་མཁན་ཁྲིར་བཞུགས་ཤིང་། ཆོས་སྐྱོང་གི་ལུང་བསྟན་ལྟར་མདོ་སྨད་དུ་ཕེབས་ཏེ་སྡེ་ཚར་བཞུགས། རྐང་ཚའི་དཔོན་པོ་གནས་བརྟན་དབང་རྒྱལ་གྱིས་ཞྭ་དམར་དགེ་འདུན་བསྟན་འཛིན་ལ་དགོན་པ་འདེབས་པའི་ཞབས་བསྐུལ་ཞུས་པར། རྒྱལ་དབང་བཅུ་གསུམ་པའི་བཀའ་དགོངས་དུས་ལ་བབ་པ་ལྟར་འདི་བར་བསྐུལ་ཏེ། ཁོང་དང་རྐང་ཚའི་དཔོན་པོ་མཆོད་ཡོན་དུ་འབྲེལ་ཏེ་དགོན་སྡེ་བཏབ། སྡེ་ཚའི་དགེ་བཤེས་གྲགས་པ་དར་རྒྱས་ཀྱིས་ཕྱག་རོགས་ཞུས་ཤིང༌། རྐང་ཚའི་སྟོང་དཔོན་དཔལ་བཟང་གིས་མཐུན་རྐྱེན་སྦྱར།

སྤྱི་ལོ་༡༩༥༨ ལོར་རྒྱ་གཞུང་གིས་རྐང་ཚའི་དགོན་ཆེན་རྨང་ནས་བཤིག སྤྱི་ལོ་༡༩༨༣ ཙམ་ནས་མགོ་ཚུགས་ཏེ་ལྷ་ཁང་དང་འདུ་ཁང་སོགས་བཞེངས་བསྐྲུན་བགྱིས། སྤྱི་ལོ་༡༨༩༩ ལོར་དགོན་པ་བསྐྱར་བཞེངས་གྲུབ། འདི་ནི་རྐང་ཚ་ཕྱོགས་ཀྱི་དགོན་སྡེ་ཆེ་ཤོས་དེ་ཡིན་ལ། དགེ་འདུན་ཞལ་གྲངས་༢༠༠ ཙམ་ཡོད་པར་བཤད།

 

 

༢      རྐང་ཚ་དགོན་ཆུང་།

རྐང་ཚ་དགོན་ཆུང་ནི་དུས་རབས་༢༠མགོར་རྐང་ཚའི་དུང་དཀར་དུ་ཞྭ་དམར་དགེ་འདུན་བསྟན་འཛིན་སོགས་ཀྱིས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

 

རྐང་ཚའི་དགོན་ཆུང་དགེ་ལྡན་ལུང་རྟོགས་ཆོས་འཕེལ་གླིང་ནི། རྐང་ཚ་གོང་མའི་སྡེ་ཁྲོད་དུ་ཡོད་པའི་གྲྭ་གྲངས་ལྔ་དྲུག་གི་རྨང་གཞིའི་སྟེང་། ཞྭ་དམར་དགེ་འདུན་བསྟན་འཛིན་གྱི་བཀའ་བཀོད་ལྟར་མེ་ཏོག་ལུང་བ་ཞེས་པར་ལྷ་ཁང་བཞེངས་ཏེ་དགོན་གཞིས་ཆགས། སྤྱི་ལོ་༡༩༥༨ ལོར་རྒྱས་གཏོར་བཤིག་བཏང་། སྤྱི་ལོ་༡༩༨༢ ལོ་ནས་ཡུལ་མིས་ཞལ་འདེབས་ཕུལ་ཅིང་། སྤྱི་ལོ་༡༩༨༥ ལོར་ཀུན་མཁྱེན་སྐུ་ཕྲེང་དྲུག་པ་འཁྲུངས་ཡུལ་འདིར་ཕེབས་དགོན་གནས་གཟིགས་ཏེ་དུང་དཀར་ཞེས་པའི་སར་བསྐྱར་འདེབས་བྱས། དེང་སྐབས་དགེ་རྒན་སོགས་བླ་བྲང་བཀྲ་ཤིས་འཁྱིལ་ནས་གཏོང་བཞིན་ཡོད།

 

 

༣    ས་ཐོབ་དགོན།

ས་ཐོབ་དགོན་ནི་སྤྱི་ལོ་༡༦༥༣ལོར་རྐང་ཚ་རྫོང་ཁོངས་སུ་ཞབས་དཀར་ཚོགས་དྲུག་རང་གྲོལ་ནས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

ས་ཐོབ་དགོན་མི་འགྱུར་ལྷུན་གྲུབ་གླིང་ནི། རབ་བྱུང་བཅུ་གཅིག་པའི་ཆུ་སྦྲུལ་སྤྱི་ལོ་༡༦༥༣ ལོར་རྒྱལ་དབང་ལྔ་བ་ཆེན་མོ་རྒྱ་ནང་ལ་ཕེབས་སྐབས། མཚོ་སྔོན་པོའི་ཉེ་འཁོར་འདིར་ལབ་ཙེ་བསྟད་ཅིང་མཚོ་གཏེར་ཕུལ་བ་སོགས་མཛད་དུས་ཀྱི་བཞུགས་ཁྲིའི་ཤུལ་ཡིན་ལ། ཕྱིས་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་མཚམས་ཁང་བརྩིགས་པའི་རྨང་གཞིའི་སྟེང་སྔ་འགྱུར་རྙིང་མའི་འདུས་སྡེ་ཞིག་བཙུགས་ཏེ།ཨ་ལགས་སྐལ་ལྡན་ལ་གཏད། ཨ་ལགས་སྐལ་ལྡན་སྐུ་ཕྲེང་རིམ་བྱོན་འདིའི་དགོན་བདག་ཏུ་གྱུར་པ་ཡིན། སྤྱི་ལོ་༡༩༥༨ ལོར་དགོན་པ་རྒྱས་བཤིག སྤྱི་ལོ་༡༩༨༢ ལོ་ནས་ཨ་ལགས་སྐལ་ལྡན་སྐུ་ཕྲེང་ལྔ་བ་འཇམ་དབྱངས་སྐལ་ལྡན་རྒྱ་མཚོས་ཡུལ་མིར་

ཞལ་འདེབས་བསྡུས་ཏེ་དགོན་པ་བསྐྱར་བཞེངས་གནང་།

 

 

༤    གསེར་རྡེའུ་དགོན།།

གསེར་རྡེའུ་དགོན་ནི་སྤྱི་ལོ་༡༩༥༠ལོར་གཉན་ཆེན་ལྷ་རི་ཞལ་དཀར་རི་བོ་རུ་ཨ་རོལ་རིན་པོ་ཆེས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

གསེར་རྡེའུ་དགོན་རྣམ་པར་དག་པའི་གླིང་ནི། ཨ་རོལ་སྐུ་ཕྲེང་གསུམ་པ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱིས་བཏབ་པ་ཞིག་ཡིན་ལ། གུར་དགོན་དེ་ཉིད་སྤྱི་ལོ་༡༩༥༨ ལོར་རྒྱ་གཞུང་གིས་བཅོམ་སྟེ་རྩ་མེད་དུ་བཏང་། སྤྱི་ལོ་༡༩༩༥ ལོ་ནས་ཡུལ་མིས་ཞལ་འདེབས་ཕུལ་ཏེ་དགོན་པ་བསྐྱར་བཞེངས་བྱས། ལཱ་

མོ་ཡོངས་འཛིན་མཁས་གྲུབ་རྒྱ་མཚོ་ཡང་ཡང་ཕེབས་ཏེ་སྐྱོང་ཁུར་གཞན་འགྲན་མེད་པ་མཛད།

 

 

༥    རུ་མང་དགོན།

རུ་མང་དགོན་ནི་སྤྱི་ལོ་༡༩༡༡ལོར་རྐང་ཚའི་རུ་མང་དུ་དགེ་སློང་བསྟན་འཛིན་རྒྱ་མཚོས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

བཤད་སྒྲུབ་བཀྲ་ཤིས་དར་རྒྱས་གླིང་། འདི་ཉིད་འདེབས་པོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཞུགས་ནས་སློབ་གཉེར་གནང་། ཕྱིས་དགོན་པ་འདི་བཏབ། ཕྱག་ལེན་བཀྲ་ཤིས་འཁྱིལ་བ་ལྟར་ཡིན། དེའི་ཕྱིས་ཨ་མཆོག་མཚན་ཉིད་ཕྱོགས་ཀྱི་ཆུ་མིག་སྟོང་རྩ་འགྲིམས་མཁན་འོད་ཟེར་ད་ཟེར་རྒྱ་མཚོ་བྱ་བ་འདི་ཕྱོགས་སུ་སླེབས་ནས་སྨྱུང་གནས་སོགས་ཉམས་ལེན་ལ་གཞོལ་བ་དེར་དགོན་པ་གཏད།སྤྱི་ལོ་༡༩༤༥ ལོར་གཡུ་ལུང་དགོན་གྱི་ཨ་ལགས་ཁོ་ཚེ་བྱ་བ་གདན་དྲངས་ཏེ་གཞི་གསུམ་གྱི་ལག་ལེན་བཙུགས། བླ་བྲང་བཀྲ་ཤིས་འཁྱིལ་ནས་སྐུ་གསུང་ཐུགས་

རྟེན་མང་བོ་གདན་དྲངས། སྤྱི་ལོ་༡༩༥༤ ལོར་སྔར་ཞྭ་དམར་དགེ་འདུན་བསྟན་འཛིན་གྱིས་དགོན་གནས་སྤོ་དགོས་པའི་བཀའ་བཀོད་ལྟར་ཁང་དགོན་དུ་བསྒྱུར་ཏེ་འདུ་ཁང་སོགས་བཞེངས། སྤྱི་ལོ་༡༩༥༨ ལོར་རྒྱས་བཤིག སྤྱི་ལོ་༡༩༨༡ ཙམ་ནས་ཡུལ་མིས་ཞལ་འདེབས་ཕུལ་ཏེ་བསྐྱར་བཞེངས་བྱས། བླ་བྲང་གི་དགོན་ལག་ཏུ་

བགྲང་འོས་པ་ལྟ་བུར་སྣང་།

 

 

༦     དཔོན་ཚང་གོང་མའི་དགོན།

དཔོན་ཚང་གོང་མའི་དགོན་ནི་སྤྱི་༡༩༡༡ལོར་བྱེ་ཆུ་གོང་མ་རུ་དཔོན་ཚད་གོང་མའི་དགེ་ཆུང་ནས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

སྔ་ཕྱིར་དགོན་གནས་ཐེངས་བཞི་ཙམ་སྤོས། ཐོག་མར་གུར་དགོན་ཡིན་འདུག་ཀྱང་སྤྱི་ལོ་༡༩༥༤ ལོར་བ་རི་ཞེས་པའི་ས་ཆར་ཁང་དགོན་དུ་བསྒྱུར། ས་ཐོབ་དགོན་གྱི་དགོན་ལག་ཏུ་གཏོགས་ཟེར། སྤྱི་ལོ་༡༩༢༧ ལོ་བཏབ་པར་བཤད་པའང་སྣང་། སྤྱི་ལོ་༡༩༣༣ ལོར་ཨ་ལགས་སྐལ་ལྡན་གཉེར་བ་བྱམས་པ་མཐའ་ཡས་དང་།

དགེ་ཆུང་གཉིས་མ་འཆམ་ནས་དགོན་ནང་གི་དཔོན་ཚང་གི་གྲྭ་བ་རྣམས་དགེ་ཆུང་གིས་ཁྲིད། ཁ་ཆེ་མཱ་པུ་ཧྥང་གིས་བརྙས་པ་སོགས་དེ་སྐབས་རྙོག་དྲ་མང་བོ་དང་འཕྲད། སྤྱི་ལོ་༡༩༥༦ ལོར་རྐང་ཚའི་སྟོང་དཔོན་དཔལ་བཟང་གིས་ནང་གྱོད་བསྡུམས་ཏེ་དགོན་གྲོང་གཉིས་མཚོ་སྔོན་པོའི་འགྲམ་ངོགས་སྐྱིད་སྨོན་ལུང་ཞེས་པར་གཞིས་ཆགས།

སྤྱི་ལོ་༡༩༥༨ ལོར་རྒྱས་བཤིག སྤྱི་ལོ་༡༩༨༤ ཙམ་ནས་ཡུལ་མིས་ཞལ་འདེབས་ཕུལ་ཏེ་བསྐྱར་བཞེངས་བྱས། སྔར་རྙིང་མ་ཡིན་འདུག་ཀྱང་ད་ལྟའི་ཆོས་རྒྱུད་དགེ་ལུགས་ཡིན་པ་འདྲ། དགེ་རྒན་བླ་བྲང་བཀྲ་ཤིས་འཁྱིལ་ནས་མངག་གཏོང་གནང་བཞིན་ཡོད་འདུག

 

༧   ཁོ་ཚེའི་དགོན་པ།

ཁོ་ཚེའི་དགོན་ནི་སྤྱི་ལོ་༡༩༡༨ལོར་མཚོ་སྔོན་རྐང་ཚ་རྫོང་སུ་ཁོ་ཚེ་བླ་མ་སྐལ་བཟང་རྒྱ་མཚོས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

 

འདིའི་དགོན་མིང་དངོས་ལ་གཡུ་ལུང་བཀྲ་ཤིས་གླིང་ཟེར་ཡང་། ཡོངས་གྲགས་ཁོ་ཚེ་དགོན་དུ་འབོད། སྤྱི་ལོ་༡༩༡༧ ལོར་ཁོ་ཚེའི་འཇམ་དབྱངས་སྐལ་བཟང་རྒྱ་མཚོ་བྱ་བ་འདི་ཕྱོགས་སུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་འབུལ་སྡུད་པ་ཞིག་གིས་རྐང་ཚ་བ་རྣམས་ཀྱི་འདོད་མོས་ལྟར་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་

བར་ཞུས་ཏེ་བཏབ། ཡུལ་འདིར་ཁོ་ཚེའི་བླ་མ་ཞེས་འབོད་པ་བྱུང་། སྤྱི་ལོ་༡༩༤༩ ལོར་དགོན་པ་རྒྱ་བསྐྱེད་མཛད། སྤྱི་ལོ་༡༩༥༨ ལོར་རྒྱས་བཅོམ་སྟེ་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༥ ལོར་ཡུལ་མིས་དང་བླང་བསྐྱར་བཞེངས་བྱས། བླ་བྲང་དགོན་པའི་དགོན་ལག་ཡིན།

 

 

༨    དཔོན་ཚད་ནོལ་མའི་དགོན།

དཔོན་ཚང་ནོལ་མའི་དགོན་ནི་༡༩༢༩ལོར་རྐང་ཚ་རྗོད་ཅི་བསམ་འོང་དུ་དགེ་སློང་དབང་ལྡན་སོགས་ནས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

འདིའི་དགོན་མིང་དངོས་ལ་དགའ་ལྡན་བསམ་གཏན་གླིང་ཟེར། ཐོག་མར་སྦྲ་དགོན་ཡིན། སྤྱི་ལོ་༡༩༥༦ ལོར་དགའ་ལྡན་བྱང་རྩེ་གྲྭ་ཚང་གིས་དགོན་སར་གཟིགས་ཏེ་གནས་འདིར་བཏབ། སྡེ་དཔོན་གཡང་སྐྱབས་སོགས་ཀྱིས་འདུ་ཁང་བཞེངས་རྒྱུའི་གྲ་སྒྲིག་བྱས་ཀྱང་། དེའི་ཕྱི་ལོར་བོད་རྒྱ་འོག་ཏུ་ཤོར་ནས་གྲྭ་ཤག་༡༠ལྷག་ཡོད་པ་རྣམས་ཀྱང་བཤིག་སྟེ་རྩ་མེད་བཟོས། སྤྱི་ལོ་༡༩༩༠ ལོ་ནས་བླ་མ་པདྨ་གྲགས་བཟང་བྱ་བས་སྣེ་ཁྲིད་དེ་བསྐྱར་བཞེངས་བྱེད་མགོ་ཚུགས།།

 

 

༩    རྒྱ་ཉག་དགོན་པ།

རྒྱ་ཉག་དགོན་པ་ནི་སྤྱི་ལོ་༡༩༠༠ལོར་མཚོ་སྔོན་རྐང་ཚ་རྫོང་སུ་རྒྱ་ཉག་སྐུ་ཕྲེང་ལྔ་བས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

དགོན་འདི་སྔོན་མདོ་ལ་རྫོང་ཨ་རིག་དགོན་པའི་རྒྱ་ནག་བླ་མ་སྐུ་ཕྲེང་ལྔ་བ་དང༌། ཕྱག་མཛོད་གཉིས་མ་འཆམ་པས། རྒྱ་ཉག་བླ་མས་གྲྭ་བ་ཡི་དམ་སོགས་ཁྲིད་དེ་རྐང་ཚའི་མི་རྒན་ཞེས་པའི་ས་ཆར་དགོན་པ་བཏབ། ཕྱིས་དེང་གི་གནས་འདིར་དགོན་གནས་སྤོས། སྤྱི་ལོ་༡༩༥༨ ལོར་རྒྱས་བཅོམ་སྟེ་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༩ ལོར་ས་གནས་ཡུལ་མིས་བསྐྱར་བཞེངས་བྱས།

 

༡༠    གྲྭ་སུག་དགོན་པ།

གྲྭ་སུག་དགོན་པ་ནི་མཚོ་སྔོན་རྐང་ཚ་རྫོང་དུ་ཀུན་མཁྱེནམདོ་སྔགས་རྒྱ་མཚོས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

སྤྱི་ལོ་༡༩༥༨ ལོ་དང་རིག་གསར་སྐབས་རྒྱས་བཤིག་སྟེ་ཆོས་སྒོ་བརྒྱབ། སྤྱི་ལོ་༡༩༨༨ ལོར་ས་གནས་ཡུལ་མིས་བསྐྱར་བཞེངས་བྱེད་མགོ་ཚུགས།

 

 

 

 

༡༡   ཡག་མོའི་སྤྱི་བ།

ཡག་མོའི་སྤྱི་བ་སྤྱི་ལོ་༡༨༦༠ལོར་རྐང་ཚ་མཚོ་འཁྱིལ་ཕྱོགས་སུ་ཡག་མོའི་ཆོས་གྲགས་ནས་བཏབ།ཆོས་རྒྱུད་དགེ་ལུགས་ཡིན།

 

འདི་ནི་ཚེས་བཟང་དུས་བཟང་ལ་སྡེ་ཚོ་ཚོགས་སའི་སྤྱི་ཁང་ལྟ་བུ་ཞིག་ལ།མདོ་སྨད་པ་དག་གིས་མ་ཎི་ཁང་བའང་ཟེར། བདེ་གསང་འཇིགས་གསུམ་དང་ཀུན་རིག་སོགས་རྒྱུན་འདོན་བྱེད་ཅིང་། ཟླ་ངོ་རེ་རེ་བཞིན་ཚེས་བཅུ་ཚུགས། སྤྱི་ལོ་༡༩༥༨ལོར་རྒྱས་བཤིག སྤྱི་ལོ་༡༩༨༣ ལོར་ཞྭ་དམར་མཆོག་སྤྲུལ་འཇིགས་མེད་རྒྱ་མཚོས་

ཐུགས་བཀོད་གནང་བ་བཞིན། བཀྲ་ཤིས་ཆོས་ལུང་དུ་མ་ཎི་ཁང་བསྐྱར་བཞེངས་བྱས།

 

 

 

About རྩོམ་སྒྲིག་པ།